མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོ་སྐུལ་འདེད་སྲོལ་ཡིག་ཐོག་མ་དེ་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལའེ་ཐིན་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧྲེང་ཅའེ་བཅས་ཞུགས་ནས《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོ་སྐུལ་འདེད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ད་ལོའི་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཁྱབ་སྒྲོག་བྱས་པ་མ་ཟད། ཁྲིམས་འཛུགས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་། སྤྱི་ཚོགས་ཀྱི་སྙིང་བོ་བཅས་ལ་ཡང་གསེད་འགྲེལ་བརྒྱབ། དེས་མཚོ་སྔོན་གྱི་ཁྱིམ་ཚང་སློབ་གསོའི་ལས་དོན་དེ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་དུས་རིམ་གསར་བ་ཞིག་ཏུ་བསླེབས་པ་མཚོན།

ལའེ་ཐིན་གྱིས“འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ཚང་སློབ་གསོ་ལ་དམིགས་སུ་བཏོན་པའི་ཆེད་སྤྱོད་ཁྲིམས་འཛུགས་ཐོག་མ་ཡིན”ཞེས་ངོ་སྤྲོད་བྱས། 《སྲོལ་ཡིག》དེ་ཧ་ལམ་ལོ་ངོ་གཉིས་རིང་ལ་གཏན་འབེབས་བྱས་ཤིང་། རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་ཐེངས་གསུམ་དང་རྟོག་ཞིབ་བཞུགས་མོལ་ཐེངས20ལྷག་ལ་འཚོགས་པ་དང་། ཚུར་ལན་བསམ་འཆར300ལྷག་འཚོལ་སྡུད་བྱས། ཁྲིམས་འཛུགས་བརྒྱུད་རིམ་ཚང་མར་གོང་ཁྲིམས་ཀྱི་དགོངས་དོན་དང་ས་གནས་ཀྱི་ལག་ལེན་གཉིས་ལེགས་པར་སྦྱར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་ཚང་གི་ཁྱིམ་སྲོལ་བཟང་པོ་དར་སྤེལ་སྐོར་གྱི་གསུང་བཤད་གལ་ཆེན་དེ་བྱེ་བྲག་གི་དོན་ཚན་ཁག21ལ་བསྒྱུར་བ་དང་། དེ་དང་ཆབས་ཅིག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྱིམ་ཚང་སློབ་གསོ་སྐུལ་འདེད་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་བདུན་དང་འབྲེལ་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དོན་ཚན་ཁག49ཅན་གྱི་ལམ་ལུགས་མ་ལག་ཆགས། ངོ་སྤྲོད་ལྟར་ན། 《སྲོལ་ཡིག》ནང་དུ་དངོས་ཡོད་ཀྱི་དཀའ་ངལ་ཆེན་པོ་གསུམ་ཅི་ནུས་ཀྱིས་བསལ་བར་བྱ་རྒྱུ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ཁུངས་དོ་མི་མཉམ་པར་དམིགས་ནས་ནོར་སྲིད་ཀྱི་འགན་སྲུང་ལམ་ལུགས་བཙུགས་ཏེ། ཁྱིམ་ཚང་སློབ་གསོའི་འགྲོ་གྲོན་དེ་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས་པའི་རེ་བ་བཏོན། དམིགས་བསལ་ཁྱིམ་ཚང་གི་དགོས་མཁོ་ལ་དམིགས་ཏེ། གཞིས་སྲུང་བྱིས་པ་དང་། ཕ་མ་ཡ་གཅིག་གི་ཁྱིམ་ཚང་སོགས་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས11བཏོན། སློབ་གསོའི་བསམ་བློར་བར་ཁྱད་ཤོར་བར་དམིགས་ཏེ། ཁྱིམ་བདག་གིས“སློབ་གསོའི་ཁྲིད་སྟོན་ཁག་བཅུ”ལག་བསྟར་བྱེད་དགོས་པ་གསལ་འབེབས་བྱས་ནས་ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བ་དང་ཕོ་མཆོག་མོ་དམན་གྱི་ལྟ་བ་འཛིན་པར་བཀག་འགོག་བྱ་དགོས་པ་བཏོན་ཡོད།
《སྲོལ་ཡིག》ནང་ད་དུང“ཏང་ཨུས་མགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཁག་གིས་མཐུན་སྦྱོར། སྤྱི་ཚོགས་ནང་ཞུགས”བཅས་རྩ་བཞིའི་ལས་ཀའི་སྒྲིག་སྲོལ་བཙུགས་ཏེ་དམིགས་སུ་སྲིད་གཞུང་གི་འགན་སྲུང་དང་འགན་ནུས་ཇེ་དྲག་ཏུ་བཏང་ཡོད་པ་ནི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང་སློབ་གསོའི་ཁྲིད་སྟོན་གྱི་ཞབས་ཞུ་མ་ལག་བཙུགས་ཏེ། 2026ལོའི་སྔོན་ལ་རྫོང་རིམ་པའི་ཁྱིམ་ཚང་སློབ་གསོ་ཁྲིད་སྟོན་ལྟེ་གནས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱ་དགོས་པའི་བླང་བྱ་བཏོན། ཆེད་ལས་ཅན་གྱི་འཇོན་མི་དཔུང་སྡེ་སྒྲིག་འཛུགས་བྱས་ཏེ། ལོ་གསུམ་ནང་དུ་ཁྱིམ་ཚང་སློབ་གསོའི་ཁྲིད་སྟོན་པ་ཁྲི་གཅིག་ལ་ཟབ་སྦྱོང་བྱ་དགོས། ཆེད་དོན་ཐེབས་རྩ་བཙུགས་ཏེ་དམིགས་བསལ་གྱི་བྱས་རྗེས་འཇོག་མཁན་ལ་གཟེངས་རྟགས་གནང་ནས་ཡར་སྐུལ་བྱ་རྒྱུ་སོགས་བསྟན་ཡོད།
“ཁྱིམ་ཚང་དང་སློར་གྲྭ་མཉམ་འབྲེལ་གྱི་གལ་གནད་ཆེན་པོའི”ཕྱོགས་ནས་ཧི་ཧྲེང་ཅའེ་ཡིས་འདི་སྐད། 《སྲོལ་ཡིག》ནང“བྱེད་པོ་ཟུང”གི་མཉམ་འབྲེལ་སྒྲིག་སྲོལ་གསར་བ་ཞིག་བཙུགས་ཡོད་པ་ནི། སློབ་གྲྭས་ངེས་པར་དུ་ཁྱིམ་ཚང་སློབ་གསོ་དེ་སློབ་གསོའི་དཔྱད་ཞིབ་ནང་བཅུག་ནས་སློབ་སྐབས་རེར་ཉུང་མཐའ་ཡང་ཁྱིམ་ཚང་སློབ་གསོར་ཁྲིད་སྟོན་གྱི་བྱེད་སྒོ་ཐེངས་བཞི་སྤེལ་དགོས། སྲིད་གཞུང་གིས་ཁྱིམ་ཚང་སློབ་གསོ་ཆ་འཕྲིན་ཅན་གྱི་འཕྲིན་སྟེགས་བཙུགས་ཏེ། ལས་ཁུངས200ལྷག་གི་ཐོན་ཁུངས་གཅིག་ཏུ་བསྡུས་ནས“སྐར་མ15རིང་གི་ཁྱིམ་ཚང་སློབ་གསོ་ཞབས་ཞུ་ཚོགས་པ”གཟུག་དགོས། སློབ་རའི་བརྙས་བཅོས་ལ་སོགས་ཚ་གནད་ལ་དམིགས་ཏེ། སློབ་གྲྭས་རིམ་བགོས་ཐེ་གཏོགས་ཀྱི་སྒྲིག་སྲོལ་གསལ་བོར་བཙུགས་ནས་ཁྱིམ་བདག་དང་མཉམ་དུ་སློབ་གསོ་བཏང་ནས་སྐྱོན་སེལ་བྱེད་དགོས་པ་བཅས་རེད།
《སྲོལ་ཡིག》ནང་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ཐབས་ཤེས་བཀོལ་ཏེ། རྒྱལ་ཡོངས་ནས“འདུ་ཤེས་ཟུང”གི་སློབ་གསོ་དོན་ཚན་ཐོག་མར་གསར་དུ་བཏོད་པ་ནི། ཁྱིམ་བདག་གིས་བུ་ཕྲུག་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཡོད་པ་ཞིག་སྐྱེད་སྲིང་བྱེད་དགོས་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་སློབ་གསོ་ལ་ཤུགས་སྣོན་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་གོ་གནས་ལ་དམིགས་ཏེ། “སྐྱེ་ཁམས་སྲོལ་བཟང”གི་ལེའུ་ཆེད་དུ་བཀོད་སྒྲིག་བརྒྱབ་ནས་ཁྱིམ་བདག་གིས་ནར་མ་སོན་པའི་བུ་ཕྲུག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་བསམ་བློ་འདུ་ཤེས་རྒྱུད་ལ་འབྱོར་བར་ཁྲིད་སྟོན་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་ཁྲོད་ཞུགས་སུ་འཇུག་དགོས་པ་གཏན་འཁེལ་བྱས།
ལའེ་ཐིན་གྱིས“སྲོལ་ཡིག་འདི་ནི་ཁྲིམས་སྐྱོང་ལས་གཞི་ཞིག་ཡིན་ལ། དམངས་ཚིས་ལས་གཞི་ཞིག་ཀྱང་ཡིན”ཞེས་ནན་བཤད་བྱས་བྱུང་། 《སྲོལ་ཡིག》གིས་བཙན་ཤེད་སྙན་ཞུ་དང་། ཡིད་རྟོན་ཡར་སྐུལ་ལ་སོགས་ལམ་ལུགས་ཁག8བཙུགས་པ་བརྒྱུད་དེ། ཁྱིམ་ཚང་སློབ་གསོ་དེ“གཅུན་སྡོམ་མཉེན་པོ”ནས“རེ་བ་མཁྲེགས་པོ”རུ་བསྒྱུར་རྒྱུ་རེད། 《སྲོལ་ཡིག》འདི་ལག་བསྟར་བྱས་པ་དང་བསྟུན་ནས་མཚོ་སྔོན་གྱི་ཁྱིམ་ཚང་སློབ་གསོ་དེ་ཁྲིམས་སྐྱོང་གིས་སྲུང་སྐྱེལ་བྱེད་པའི་ལེའུ་གསར་པ་ཞིག་མགོ་བརྩམ་རྒྱུ་རེད།