ཁྱེད་ཀྱིས་འབྲས་འཚོད་ཤེས་ཀྱི་ཡོད་དམ།
发布时间:2025年06月17日 消息来源:

   རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   འབྲས་ནི་ནམ་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་པས། མི་ཁ་ཤས་ཀྱིས་ཉིན་གཅིག་ལ་འབྲས་མ་ཟོས་ཚེ།  ཕོ་བ་སྟོང་ལྷང་ལྷང་བྱེད་ཅིང་གྲོད་པ་རྒྱགས་མེད་པའི་སྣང་བ་འཆར་གྱི་ཡོད། འབྲས་འཚོད་སྟངས་ལ་བལྟས་ན་ལས་སླ་མོ་ཞིག་ཡིན་མོད། འོན་ཀྱང་འབྲས་ཚོས་པ་ཙམ་གྱིས་མི་འགྲིག 

   མི་མང་པོས་འབྲས་འཚོད་སྐབས་ཆུ་མང་ཉུང་ག་ཚོད་ལྡུག་དགོས་མིན་ཡག་པོ་ཤེས་ཀྱི་མེད། མཚམས་རེར་སླ་དྲགས་ནས་འབྲས་ཐུག་ནང་བཞིན་ཆགས་པ་དང་། ཡང་མཚམས་རེར་འབྲས་རྩ་བ་ནས་ཚོས་མེད་པར་སྲ་མོ་ཡིན། འབྲས་འཚོད་སྟངས་གཅིག་པ་ཡིན་ཡང་། 

   གཞན་གྱིས་བཙོས་པའི་འབྲས་དྲི་མ་ཞིམ་པོ་དང་བྲོ་བ་ཆེན་པོ་ཆགས་པའི་རྒྱུ་མཚན་འདི་ལྟ་སྟེ། 

    1.འབྲས་འཁྲུད་སྟངས། འབྲས་ཐེངས་གཉིས་ཡན་བཀྲུས་ན། འཚོ་བཅུད་ཤོར་འགྲོ་གི་ཡོད་ཅེས་བཤད་མཁན་མང་པོ་ཡོད་མོད། དོན་དུ་མང་ཙམ་བཀྲུས་ན་འཚོ་བཅུད་མི་ཤོར་བའི་ཁར་འབྲས་གཙང་མ་གཙང་རྐྱང་ཡོང་ཐུབ། རྒྱུན་དུ་ཁྲོམ་རར་མཐོང་རྒྱུ་ཡོད་པའི་འབྲས་ཕལ་ཆེ་བར་འོད་བཏོན་ཡོད་པས། འབྲས་དེའི་རིགས་ལ་འཚོ་བཅུདB1མང་པོ་འདུས་མེད། བཀྲུ་རྒྱུ་མང་ན་འཚོ་བཅུད་ཤོར་བའི་སྣང་ཚུལ་མེད། 

    2.འབྲས་སྦོང་སྟངས། འབྲས་གཙང་མར་བཀྲུས་རྗེས། མྱུར་མོར་ཆུ་བླུགས་ནས་བཙོ་རྩིས་མི་བྱེད་པར། སྔོན་ལ་ཕོར་བའི་ནང་ལྡུག་པ་དང་། དེ་ནས་ཆུ་ཚད་རན་པོའི་ནང་སྐར་མ10ཙམ་ལ་སྦངས་རྗེས་བཙོས་ན། འབྲས་སོབ་སོབ་ཆགས་པར་མ་ཟད། འབྲས་འཚོད་ཡུན་ཡང་ཐུང་དུ་འགྲོ་སྲིད། 

    3.ཆུ་ལྡུག་ཚད། འབྲས་ལ་ཆུ་ག་ཚོད་བླུགས་ན་འཚམ་ཞེ་ན། དེང་སང་མི་མང་ཆེ་བས་གློག་གི་སླ་ཆས་བེད་སྤྱོད་ཀྱི་ཡོད་པས། འབྲས་ལ་ཆུ་ག་ཚོད་བླུག་དགོས་མིན་ཚང་མ་ཚད་གཞི་བཟོས་ཡོད། དེ་ཡང་འབྲས་ལས་ཆུ་ཅུང་ཙམ་ཁ་མཐོ་བ་བྱུང་ན་འགྲིག་པ་སྟེ་མཛུབ་ཚིགས་གང་གི་ཚད་རེད། དེ་འདྲ་བྱུང་ན་འབྲས་སླ་པོ་ཆགས་མི་སྲིད་ལ་སྐམ་པོ་ཡང་ཆགས་མི་སྲིད།

   4.བྲོ་རྫས་འདེབས་སྟངས། འབྲས་ཀྱི་བྲོ་བ་ཞིམ་པོ་དགོས་ན། ཆུ་འདང་ངེས་ལྡུག་དགོས་པར་མ་ཟད། སྐྱུར་ཁུ་དང་སྣུམ་ཕྲན་ཙམ་ལྡུག་དགོས། དེ་ལྟར་བྱས་ན་འབྲས་སོབ་སོབ་ཆགས་ནས། སླ་དྲགས་པ་དང་འབྱར་འགྲོ་བ་སོགས་ཀྱི་སྣང་ཚུལ་ཐོན་མི་སྲིད།  འོན་ཀྱང་། སྣུམ་མང་ན་མི་བཟང་། མང་དྲགས་ན་ཞག་ཚིལ་ཆེ་དྲགས་ནས་འབྲས་སོབ་སོབ་ཆགས་མི་ཐུབ།