མཚོ་བྱང་ཁུལ་གྱིས་ཏང་སྲིད་མགོ་ཁྲིད་གཙོ་བོ་དང་སྲིད་གྲོས་ཨུ་ཡོན་གྱི"ངོ་འཕྲད"ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ6པའི་ཚེས19ཉིན། མཚོ་བྱང་ཁུལ་གྱིས་ཏང་སྲིད་མགོ་ཁྲིད་གཙོ་བོ་དང་སྲིད་གྲོས་ཨུ་ཡོན་གྱི"ངོ་འཕྲད"ཀྱི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས"སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི"གཙོ་གནད་གྲོས་མོལ་གྱི་གྲོས་དོན་ལ་དམིགས་ཏེ་སྲིད་གྲོས་ཨུ་ཡོན་དང་ངོ་འཕྲད་གྲོས་མོལ་བརྗེ་རེས་གནང་ལ་འབྲེལ་ཡོད་གནད་དོན་ལ་དམིགས་ནས་ལན་བསྐྱོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་གྱིས་གཙོ་སྐྱོང་གནང་།

ཚོགས་འདུའི་ཐོག ཁུལ་སྲིད་གྲོས་ཀྱི་ལས་བགོས་འགན་གཉེར་ཀྲུའུ་ཞི་གཞོན་པས"སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུའི"ཐད་ལྟེ་བའི་གཏམ་བཤད་གནང་བ་དང་། སྲིད་གྲོས་ཨུ་ཡོན་གྱི་འཐུས་མིས་བརྗོད་དོན་གཙོ་བོར་དམིགས་ནས་སོ་སོས་དྲི་བ་བཏོན་པ་དང་། ཚོགས་ཞུགས་བློ་མཐུན་ཚོས་གྲོས་དོན་ལ་དམིགས་ནས་གྲོས་བསྡུར་དང་བརྗེ་རེས་གཏིང་ཟབ་བྱས་ཏེ་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན།


ཤ་བོ་སྐྱབས་ཀྱིས་ཐེངས་འདིའི་ཆེད་དོན་གྲོས་མོལ་ཚོགས་འདུའི་རྣམ་པར་སྤྲོ་སེམས་འཁོལ་བ་དང་བསམ་འཆར་དངོས་སྒྲུབ་ཕན་འབྲས་ཐོན་པར་བྱས་ཏེ། ཁུལ་ཡོངས་ཀྱིས་ཇི་ལྟར་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུར་བསམ་ཕྱོགས་མཁོ་འདོན་དང་ཐབས་བཟང་ལེགས་སྐྱེས་ཕུལ་བ་དེ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བའི་གསར་གཏོད་བྱ་ཐབས་ཤིག་ཀྱང་ཡིན་པ་བསྟན་ཏེ་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བཏོད་པར་འགན་འཁྲི་འཁུར་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་བྱས་ནས"སྤྱི་གླིང་གཉིས་དང་བཙན་ས་གཅིག"གཏོད་པར་དམ་འཛིན་བྱ་གཞིར་བཟུང་སྟེ་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཞིབ་བཤེར་གྱི་ཚུར་ལན་གནད་དོན་སྣ་ཚོགས་བཅོས་སྒྲིག་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཉིས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མཚོ་སྐོར་བྱང་རྒྱུད་ཀྱི་སྐྱེ་ཁམས་ཉམས་ལེན་ས་ཚིགས6གི་དམིགས་ཚད་རིམ་སྤར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སྟོང་སོ་དང་དགོན་ལུང་སོགས་སྐྱེ་ཁམས་ཡུལ་སྐོར་གཉེར་སྐྱོང་བྱེད་གནས་འཛུགས་སྐྲུན་བྱེད་པར་བརྩོན་ལེན་ཧུར་ཐག་བྱེད་དགོས་པ། མདོ་ལ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཐོན་ཁུངས་དུས་བཞིའི་བེད་སྤྱོད་ཐབས་ལམ་དང་བྱེད་ཐབས་ཇུས་འགོད་ལུགས་མཐུན་བྱེད་པ། མེ་ཏོག་རྒྱ་མཚོའི་དཔལ་འབྱོར་དང་སྐྱེ་ཁམས་ཉམས་ལེན། ནགས་ཚལ་ཁམས་གསོ། རང་བྱུང་སློབ་གསོ། ནགས་ཚལ་དཔལ་འབྱོར་སོགས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ"སྐྱེ་གསུམ་མཉམ་ཁེའི"ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་རྫོང་བཞིས་ཞིང་ཕྱུགས་ལས་ཐོན་ལས་གླིང་དང་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ཚོད་ལྟ་སོགས་རྒྱལ་ཁབ་ཀྱི་ཚོང་རྟགས་ཆས་རྟགས་བཏོད་པར་དམིགས་ཏེ་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་ལེ་ལག་ཚང་བའི་བཟོ་སྐྲུན་གྱི་དམིགས་ཚད་རྒྱ་ཆེར་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཐོན་སློབ་ཞིབ་སྤྱོད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས། ཞིང་ཕྱུགས་ལས་ཀྱི་ཆས་རྟགས་སྤུས་ལེགས་སྐྱེད་སྲིང་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ"སོགས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཕྱིར་གཏོང་གི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་རྒྱུན་མཐུད་ངང་མཉམ་ཤུགས་གཅིག་སྒྲིལ་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་བྱ་བ་དམ་འཛིན་ཡག་པོ་བྱེད་པའི་མགོ་འཛུགས་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་བའི་ངང་དམ་འཛིན་ཡག་པོ་བྱས་ཏེ། བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྲིད་གྲོས་ཀྱི་གྲོས་མོལ་གྲོས་དོན་སྟེགས་བུ་འཛུགས་སྐྲུན་དང་ནུས་པ་འདོན་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གནས་སུ་བཞག་སྟེ་མི་དམངས་སྲིད་གྲོས་ཀྱིས་ཁྲིམས་ལྟར་སྒྲིག་སྲོལ་བརྩི་སྲུང་དང་། རང་ཚུགས་ཀྱིས་འགན་འཁུར་བ། མཐུན་སྦྱོར་གཅིག་གྱུར་བཅས་ཀྱི་སྒོ་ནས་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱ་དགོས། སྲིད་གྲོས་རྩ་འཛུགས་རིམ་པ་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་ཆུད་དགོས་པ་དང་། བརྗོད་གཞི་སྔར་ལས་ལེགས་སྒྱུར་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་གི་ལྟེ་བའི་བྱ་བ་དང་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གནད་དོན་ལ་དམིགས་ནས། གྲོས་མོལ་དང་གྲོས་བསྡུར་སྒྲིག་འཛུགས་བྱེད་པ་དང་། དམངས་འཚོའི་རེ་བ་གོང་ཞུ་བྱེད་པ། ཏང་དང་མང་ཚོགས་བར་གྱི་འབྲེལ་གཏུག་ཟམ་པ་བཙུགས་ཏེ་ཁུལ་ཡོངས་ཀྱི་བསྒྱུར་བཅོས་གོང་སྤེལ་བརྟན་ལྷིང་གསུམ་གྱི་འགོག་ཤུགས་ཆུང་དུ་གཏོང་བ་དང་། རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས་ཟེར།


ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲིན་དང་སངས་རྒྱས། ཝན་བཀྲ་ཤིས་དོན་འགྲུབ། ཀརྨ་ཚེ་རིང་། ཧན་ཧྲི། ཁྲང་ལིན། པོ་ཀྲིན་ཆིན། ཝུའུ་ཧྲུའུ་རུང་། ལུང་དབྱང་ཧྲིན། དབྱང་ཏེ་བཅས་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་སྲིད་གྲོས་ཨུ་ཡོན་རེ་འགའ། ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་གྲོས་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཚོགས་འདུར་ཞུགས།