མཚོ་བྱང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྐོར་གྱི་ངོ་མཚར་ལྟད་མོ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
འཇུ་ལག་ལོག་དཀར་མེ་ཏོག་གི་རྒྱ་མཚོ་མྱུལ་ནས་རྐང་གྲུག་གི་གསོལ་སྟོན་ལ་རོལ།
“རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར”སྐབས་གཉིས་པའི་མཚོ་བྱང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྐོར་གྱི་ངོ་མཚར་ལྟད་མོ།
ཟླ་དྲུག་པའི་མཚོ་བྱང་ལ་སྐྱེ་སྟོབས་ཀྱིས་དཔལ་འབར་ལ། ཟླ་དྲུག་པའི་འཇུ་ལག་ཏུ་ལོག་དཀར་མེ་ཏོག་གིས་རབ་ཏུ་བརྒྱན། ཟླ6པའི་ཚེས29ཉིན། “རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར”སྐབས་གཉིས་པའི་མཚོ་བྱང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྐོར་དེ་འཇུ་ལག་རྫོང་མི་རིགས་ལུས་རྩལ་ར་བར་འཚོགས་ལ། མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གིས་མགོ་ལོག་གེ་སར་རུ་ཁག་དང་འགྲན་སྡུར་བྱས།


ཐེངས་འདིའི་འགྲན་སྡུར་གྱི་བྱེད་སྒོ་དེ2025ལོའི་མཚོ་སྔོན·འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས26པའི་མུ་འབྲེལ་བྱེད་སྒོ་དང་མཉམ་དུ་སྤེལ་ལ། ལྟད་མོ་བ་ཚོས་ངོ་མཚར་བའི་རྐང་གྲུག་འགྲན་སྡུར་ལ་མ་བལྟས་གོང་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ལ་མྱོང་རོལ་བྱས། རིག་རྩལ་འཁྲབ་སྟོན་གྱིས་ཕྱོགས་ཡོངས་ནས་མཚོ་བྱང་གི་རྣམ་པ་གསར་བ་བརྗོད་དོན་དུ་བྱས་ནས་ལྗང་མདོག་སྐྱེ་ཁམས་དང་ཞིང་ཕྱུགས་ལས། ལུས་རྩལ་སོགས་མཉམ་འདྲེས་བྱས་པ་མངོན་པར་བྱས་ནས“རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར+དུས་ཆེན་བྱེད་སྒོའི”ཡིད་དབང་འཕྲོག་ཤུགས་མངོན་པ་དང་། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར་སོགས་མཉམ་འདྲེས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་ཡོད།

ཆུ་ཚོད15སྟེང་། ཕྱོགས་གཉིས་ཀྱི་རུ་ཁག་གིས་ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་ཁྲོད་འགྲན་སྡུར་དངོས་སུ་མགོ་བརྩམས་ཤིང་། གནམ་གཤིས་ཀྱི་དབང་གིས་ལུས་རྩལ་ཐང་དུ་ཆུ་འཁྱིལ་ནས་དེ་འདྲའི་རྒྱུན་ལྡན་ལྟར་འགྲན་སྡུར་བྱེད་པར་མངོན་གསལ་དོད་པོས་ཤུགས་རྐྱེན་ཐེབས་ཡོད་ནའང་། རུ་ཁག་གཉིས་ཀྱིས་ཕན་ཚུན་གྱི་འགོག་རྒོལ་དང་ཕར་རྒོལ་གྱི་ཐབས་ཤེས། རང་ནུས་ཀྱི་རྩལ་ཤུགས་ལ་བརྟེན་ནས་ཡུལ་དངོས་ཀྱི་གཟིགས་མོ་བར་ལྟད་མོ་གྱ་ནོམ་པ་ཞིག་ངོམས།


འགྲན་རའི་སྟེང་། ཕྱོགས་གཉིས་ཀྱི་རུ་ཁག་གིས་དཔའ་ངར་ཆེར་བསྐྱེད་དང་གདོང་མཆོང་དྲག་པོའི་ངང་སོ་སོའི་མཚན་སྙན་དང་མཇུག་མཐའི་རྒྱལ་ཁའི་ཆེད་ལུས་སེམས་ཀྱི་སྟོབས་ཤུགས་ཡོངས་འགྲན་སྡུར་ན་ཞུགས་ཤིང་། ལྟད་མོ་བས་སྐད་གསེང་མཐོན་པོས་འགྲན་སྡུར་ལ་དགའ་འབོད་དང་ལུས་རྩལ་པར་ངར་ཤུགས་འདོན་བཞིན་ཡོད།
མགོ་ལོག་ཁུལ་ནས་ཐོན་པའི་ཡུལ་དངོས་ཀྱི་ལྟད་མོ་བ་བསོད་ནམས་རིན་ཆེན་གྱིས་དེ་རིང་གི་འགྲན་སྡུར་ངོ་མཚར་རབ་ཏུ་ཆེ་ལ། འཇུ་ལག་གི་མཛེས་ལྗོངས་ཡིད་དུ་འོང་བ་དང་། དངོས་གནས་གནས་མཆོག་ཁྱད་པར་བ་ཞིག་རེད་ཅེས་འཇུ་ལག་ས་ཆ་སླེབས་པའི་མྱོང་བ་དམར་རྗེན་དུ་བཤད་བྱུང་།

ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད། མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་དང་མགོ་ལོག་གེ་སར་རུ་ཁག་གིས་མཐར་སྐར་མ2:2ཀྱི་ཐོག་ནས་འགྲན་སྡུར་མཇུག་སྒྲིལ་ལ། ཕྱོགས་གཉིས་ཀྱི་ཕུལ་བྱུང་ལུས་རྩལ་པར་བྱ་དགའི་རིན་ཐང་སྒོར1500ཅན་གྱི་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ལེགས་སྐྱེས་ཆེན་པོ1རེ་བྱིན་ལ། ཡུལ་དངོས་སུ་བྱ་དགའ་ཨང་དང་པོ1དང་ཨང་གཉིས་པ2། ཨང་གསུམ་པ3། ལག་བསོད་ཅན་གྱི་ལྟད་མོ་བའི་བྱ་དགའ30ལ་སོ་སོར་རིན་ཐང་སྒོར2000དང་སྒོར1500། སྒོར800། སྒོར100བཅས་ཀྱི་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ལེགས་སྐྱེས་ཆེན་པོ1རེ་བྱིན།


མཚོ་བྱང་གི་ཤ་སྐམ་དང་སྐམས་ཤ་བསྙལ་མ། བོད་ལུག་ཤ་གསར་བ། འཇུ་ལག་སྦྲང་རྩི། ལོག་དཀར་འབྲུ་སྣུམ། སེར་ཤའི་ཀ་ར་གོ་རེ། སྟར་ཁུ། མདོ་ལའི་སྤེན་མའི་ཇ་རིགས། ནས་ཆང་སོགས"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི"ས་ཁོངས་སྤྱི་སྤྱོད་ཆས་རྟགས་ཀྱི་སྤུས་ལེགས་ཐོན་རྫས་སྣ་ཁ180ལྷག་མཉམ་དུ་འགྲེམ་ཁུལ་མངོན་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ད་དུང"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི"ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་ཐད་གཏོང་འགྲེམས་གནས་བཙུགས་ནས"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི"ས་ཁོངས་སྤྱི་སྤྱོད་ཆས་རྟགས་ཀྱི་སྤུས་ལེགས་ཐོན་རྫས་མཉམ་སྤྱོད་བྱས་ལ། འགྲེམས་སྟོན་ནང་ཞུགས་པའི་ཁེ་ལས་སོ་སོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་དྲ་ཐོག་ཐད་གཏོང་བརྒྱུད་དེ་ཐོན་རྫས་བྲིན་ཚོང་བྱེད་སྒོ་ཧུར་ཐག་སྒོས་སྤེལ་ཏེ་དོ་ཁུར་བྱེད་ཚད་དང་ཉོ་ཚད་ཆེ་རུ་གཏོང་གང་ཐུབ་བྱས།
བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་འགྲན་སྡུར་བྱེད་སྒོའི་ཁྲོད་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི3.23ལྷག་ཙམ་ཟིན་ལ། དེའི་ནང་དྲ་ཐོག་ཐད་གཏོང་ཚོང་ཟོག་ལ་མི་ཐེངས་ཁྲི3.5ཡིས་བལྟས་པ་དང་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི0.6མངོན་འགྱུར་བྱུང་ཡོད།
ཐེངས་འདིའི་བྱེད་སྒོ་ནི་རྐང་གྲུག་གི་འགྲན་སྡུར་ཞིག་ཡིན་པར་མ་ཟད"ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར"མཉམ་འདྲེས་གཏིང་ཟབ་བྱེད་པའི་གསོལ་སྟོན་གཟབ་རྒྱས་ཤིག་ཀྱང་ཡིན་པས་མཚོ་བྱང་ཁུལ་གྱིས"རྐང་གྲུག་བརྗོད་དོན་དུ་བྱས་ནས་ཕྱོགས་ཡོངས་འཕེལ་རྒྱས"གཏོང་བའི་རྣམ་པ་གང་ལེགས་སྒོས་མངོན་ཡོད།