ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས96པ་འཚོགས་པ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།
ཟླ7པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས96པ་འཚོགས་པ་དང་། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་གྱི་བྱ་བ་བཀོད་སྒྲིག་གནང་།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་དམིགས་ནས་ཉམས་ཞིབ་བྱེད་སྟངས་གསར་གཏོད་བྱས་ཏེ་མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་ཀྱི་ལིང་ཚེ་བསྐྲུན་ནས་གསར་བརྗེའི་ཉམས་ཞིབ་ཀྱི་ཆས་རྟགས་རྒྱུན་མཐུད་ངང་ཡག་པོ་གཏོད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་བདེ་འཇགས་ཀྱི་བྱ་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་པ་དང་། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ནས་ཆད་ལུས་ཁྱོན་ཡོངས་ནས་ཞིབ་བཤེར་མཐར་ཕྱིན་པ་བྱས་ཏེ་ལོང་ཁུལ་གྱི་ཆད་སྐྱོན་མཐའ་གཅིག་ཏུ་སེལ་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ནན་དུ་གཏོང་བ་དང་སློབ་སྦྱོང་སློབ་གསོར་དམ་འཛིན་ནན་ཏན་བྱས་ཏེ་ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ་ཆབ་སྲིད་ཀྱི་སྣོད་བཅུད་བཟང་པོ་ཞིག་གཏོད་དགོས་ཟེར།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། དོན་གྲོས་མཐུན་སྦྱོར་སྒྲིག་གཞིའི་འགན་འཁྲིའི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ལྟེ་བའི་ལས་འགན་ལ་དམིགས་ནས་དོན་ཆེན་སྒྲུབ་པ་དང་དོན་ཆེན་ལ་གྲོས་བསྡུར་བྱེད་པ། དོན་ཆེན་དམ་འཛིན་བཅས་བྱས་ཏེ་བྱ་བ་གལ་ཆེན་གྱི་རྩེ་རིམ་ཇུས་འགོད་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། ཁྱོན་ཡོངས་སྐུལ་སྤེལ། དོན་འཁྱོལ་སྐུལ་འདེད་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ཞིང་ཆེན་ཨུ་ལྷན་གྱི་བྱ་བའི་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱ་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་གན་རྒྱ་བཞག་པའི་ལས་གཞི་དོན་འཁྱོལ་བྱ་རྒྱུ་དེ"བཟོ་སྐྲུན་ཨང་དང་པོར"བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས་པ་དང་། ས་ཞིང་དང་ཞིབ་མཆན་འགོད་པ་སོགས་འགག་རྩ་ཤར་གཏོང་ཐུབ་པར་བྱས་ནས་ལས་གཞི་སྔ་ཙམ་ཐོན་སྐྱེད་བྱེད་མགོ་ཚུགས་ནས་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། དངུལ་རྩའི་ཉེན་ཁར་ཉེན་བརྡ་གཏོང་བ་དང་ལྟ་ཞིབ་ཚད་ལེན། སྔོན་འགོག་སྐྱོན་སེལ་གྱི་བྱ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་དངུལ་རྩའི་བྱེད་སྒོ་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་ནས་ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་ཟེར།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་གྲོང་ཁྱེར་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་གྲོང་ཁྱེར་བྱ་བའི་སྤྱིའི་བླང་བྱ་དང་། རྩ་དོན་གཙོ་བོ། གཙོ་གནད་ལས་འགན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་ནས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་འཕྲད་པའི་གནས་བབ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་ཡག་པོ་བྱེད་དགོས། ཡུལ་སྐོར་དང་སྐྱེ་ཁམས། གསར་བརྗེ་བཅས་ཀྱི་མཁར་གྲོང་བསྐྲུན་རྒྱུར་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས"ལྔ་བཅོ་ལྔའི"མཁར་གྲོང་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་འགོད་བྱས་ཏེ། མཁར་གྲོང་གི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཁ་གསལ་བཟོས་ནས་མཁར་གྲོང་གི་ལེགས་བསྡུས་ཞིབ་ཚགས་དང་ནུས་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་རྩ་བར་འཛིན་པའི་མཁར་གྲོང་ཅན་གྱི་འཐབ་ཇུས་གསར་པའི"འགུལ་སྤྱོད་ཆེན་པོ་དྲུག"ལག་བསྟར་གཏིང་ཟབ་བྱས་ཏེ། སྡེ་ཁུལ་གྱི་རྒན་གསོ་དང་བྱིས་བཅོལ། སྨན་བཅོས་སོགས་གཞི་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བཅས་བྱས་ནས་མཁར་གྲོང་གི་འཚོ་བའི་ཞབས་ཞུའི་སྤུས་ཚད་མཐོ་ཞིང་སྣ་མང་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་འདུའི་ཐོག་བསྟན་དོན། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་རིགས་སྒྱུར་རིམ་སྤོར། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གླེང་ཆ་དང་དཀའ་གནད་གནད་དོན་ལ་དམིགས་ཏེ་དམངས་ཆེན་གྱི་ལྟ་སྐུལ་འགན་ནུས་ལག་བསྟར་བྱས་ནས་ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཆེ་རུ་གཏོང་དགོས། “ཐད་གཏོགས་ལས་ཁུངས་བཞིའི”ཚིགས་གནས་བླང་བྱ་གཞིར་བཟུང་དམངས་ཆེན་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་བསྣན་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཟེར།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཀྲུང་དབྱང་གི་སྐོར་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ངེས་པ་དོན་གྱིས་ཆེ་རུ་བཏང་སྟེ་ཀྲུང་དབྱང་གི་སྐོར་ཞིབ་བཀོད་སྒྲིག་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་རང་རྟོགས་ངང་སྐོར་ཞིབ་དང་ལེན་དང་། རང་འགུལ་ངང་སྐོར་ཞིབ་ལ་གཞོགས་འདེགས་བྱེད་དགོས། ཧྲན་ཏུང·མཚོ་སྔོན་བྱ་བའི་བཞུགས་མོལ་བརྗེ་རེས་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ་ཧྲན་ཏུང་ཞིང་ཆེན་དང་འབྲེལ་གཏུག་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི་བརྗེ་རེས་སོགས་ཀྱི་བྱ་བ་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་བཏོན་པའི་བྱ་བའི་བླང་བྱ་གཞིར་བཟུང་ནས་ལས་གཞི་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱེད་དགོས་པ་དང་། དོན་དག་རེ་རེ་བཞིན་དོན་འཁྱོལ་ནན་མོ་དང་ཕན་འབྲས་ཐོན་དགོས་ཟེར།