ཤ་བོ་སྐྱབས་ཀྱིས་གསེར་དངུལ་ཐང་གི་རིག་གནས་ཡུལ་སྐོར་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་་སེར་དངུལ་ཐང་གི"གསེར་གྱི་མིང་བྱང"ཇེ་གསལ་དུ་བཏང་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་འཕེལ་བར་བྱེད་དགོས་པ་ནན་གྱིས་བསྟན།
发布时间:2025年07月29日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ7པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས"མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས"ཀྱི་བྱེད་སྟངས་ཐོག་ནས་གསེར་དངུལ་ཐང་གི་ལྗོངས་ཁུལ་སོ་སོར་བསྐྱོད་དེ་རིག་གནས་ཡུལ་སྐོར་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་གནང་ནས་ནན་གྱིས་བསྟན་དོན། གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་གསེར་དངུལ་ཐང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་གསེར་དངུལ་ཐང་གི་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་རིན་ཐང་གཏིང་ཟབ་ཏུ་བཏང་ནས་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་ཞབས་ཞུའི་འགན་ལེན་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་གསེར་དངུལ་ཐང་གི"གསེར་གྱི་མིང་བྱང"ཇེ་གསལ་དུ་བཏང་ནས་མཚོ་བྱང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་འཕེལ་བར་བྱེད་དགོས་ཟེར།

图片
གསེར་དངུལ་ཐང་བོད་ཁྱིམ་ཡུལ་སྲོལ་གླིང་དང་རྩེ་གསུམ་སྦྲ་གུར། མདའ་བཞིའི་ཆུ་ཁོལ་མགྲོན་ཁང་། ནུབ་མཚོ་སྐར་ཁང་། མདའ་བཞིའི་ཚོ་བ། བོན་གྱ་ཕྱུགས་ར། བྱེ་མ་གསེར་ལྡན་བཅས་སུ་ཤ་བོ་སྐྱབས་ཀྱིས་ལྗོངས་ཁུལ་གྱི་འགན་འཁུར་བ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ་འགྲུལ་བ་འཁོར་ཚད་དང་ལྗོངས་ཁུལ་གྱི་ཞབས་ཞུ། སྒྲིག་བཀོད་གདང་སྒྱུར་རིམ་སྤོར་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་བསམ་འཆར་དང་གྲོས་འགོ་ཉན་ཞིང་། དམངས་སྲོལ་ཁང་བ་འགྲུལ་བས་ཁེངས་ཡོད་པ་ཤེས་སྐབས། ཤ་བོ་སྐྱབས་ཀྱིས་ལྗོངས་ཁུལ་གྱི་ཞབས་ཞུའི་འགན་ལེན་ཇེ་ལེགས་སུ་བཏང་ནས་ཡུལ་སྐོར་བའི་ཉམས་ལེན་དང་བདེ་འཇགས་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་ནས་བསྟན་དོན། གསེར་དངུལ་ཐང་ནི་ཕུན་སུམ་ཚོགས་པའི་རྩྭ་ཆུ་དང་ཤ་ཤེད་རྒྱས་པའི་ནོར་ལུག་ལ་བརྟེན་ནས་སྐད་གྲགས་ཆོད་པ་དང་ཀྲུང་གོའི་ནུབ་རྒྱུད་དུ་ལོ་རྒྱུས་རིག་གནས་དང་རང་བྱུང་མཛེས་ལྗོངས་གཉིས་ཀ་ལྡན་པའི་མཛེས་སྡུག་ལྡན་པའི་གནས་མཆོག་ཅིག་ཡིན་པ་དང་རོལ་དབྱངས་གྲགས་ཅན<<རྒྱང་ཐག་རིང་བའི་གནས་དེ་ན>>དང<<གསེར་བུམ་ལྟ་བུའི་རི་བོ་ཆུང་ཆུང>>ཞེས་པ་གསར་རྩོམ་གནང་ཡུལ་ཡིན་ལ། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོའི་ཞིབ་བཟོ་རྟེན་གཞི་དང་རྒྱལ་ཡོངས་ཀྱི་གསར་བརྗེའི་རྩྭ་ཐང་ཁག་དང་པོ་ཡིན་པས་གང་སར་སྐད་གྲགས་ཆོད་ཡོད། ན་ནིང་ནས་བཟུང་མི་ཁྲི33ལྷག་ཙམ་གྱིས་གསེར་དངུལ་ཐང་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱས་པ་དང་། ཉེ་ཆར་གསེར་དངུལ་ཐང་དུ་ཉིན་རེར་ཆ་སྙོམས་རླངས་འཁོར་རྒྱུག་ཚད་ཐེངས་ཁྲི2.5ཟིན་པ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི1.8ཟིན་ཡོད་ཟེར།

图片

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གསེར་དངུལ་ཐང་གི་ལྗོངས་ཁུལ་སོ་སོས་ཕྲེང་སྦྲེལ་ཐིག་གྲུབ་དང་སྦྲེལ་མཐུད་ངོས་གྲུབ། ས་ཁོངས་ཡོངས་མཉམ་འགུལ་བཅས་བྱས་ཏེ་གསེར་དངུལ་ཐང་གི་རིག་གནས་ཡུལ་སྐོར་ཆས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་། མཚོ་སྔོན་པོའི་བྱང་རྒྱུད་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ལྡན་ཞིག་གཏོད་དགོས། གསེར་དངུལ་ཐང་བོད་ཁྱིམ་ཡུལ་སྲོལ་གླིང་གི་འཁྲབ་སྟོན་ཚོམས་ཆེན་ཞིག་གསོ་དང་སྒྱུར་བཀོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་དོ་དམ་གཉེར་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཁོར་ཡུག་འཕྲོད་བསྟེན་ཇེ་ལེགས་སུ་བཏང་སྟེ་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མགྲོན་པོ་སྣེ་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་བེད་མེད་རྒྱུ་ནོར་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། ཤྭ་ལུང་དང་མདའ་བཞི། སྟོང་མདའ་ཐང་སོགས་ཆུ་ཚན་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་མདའ་བཞི་སྡེ་བའི་ཆུ་ཚན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ། བྷོ་ཊའི་ལྗོངས་མེ་རིའི་ཆུ་ཚན་མགྲོན་ཁང་བེད་སྤྱོད་གང་ལེགས་བྱེད་པ། སྨྱན་སྦྱོར་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་ཚན་གྱི་ལས་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱེད་དགོས། ཆོད་སེམས་དང་ཡིད་ཆེས་བརྟན་དུ་བཏང་ནས་མདའ་བཞི་ཚོ་བ་དང་བོན་རྒྱ་ཕྱུགས་རའི་གཉེར་སྐྱོང་བྱེད་སྟངས་གསར་གཏོད་དང་། རིག་རྩལ་འཁྲབ་སྟོན་ལྗོངས་ཁུལ་དུ་བསྐྱོད་དེ་མདའ་བཞི་ཚོ་བའི་རོལ་དབྱངས་དུས་ཆེན་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་ནས་རྟ་ཞོན་ཞབས་ཞུ་དང་དམངས་སྲོལ་ཉམས་ལེན་ལ་དམ་འཛིན་ཡག་པོ་བྱས་ནས། ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཕྱེ་མ་གསེར་ལྡན་དང་ནུབ་མཚོ་སྐར་ཁུངས་ཡུལ་སྐོར་ཞབས་ཞུའི་ཚད་གཞི་མཐོ་རུ་གཏོང་བ་དང་ཁྱད་ཆོས་ལྡན་པའི་ལྟ་སྐོར། སྐྱེ་ཁམས་སྤྲོ་གསེང་། ཕྱི་རོལ་ལུས་རྩལ་སོགས་ཀྱི་ཐད་ལ་ཤུགས་བསྣན་ནས "མཚོ་སྔོན་པོ་དང་སྨོན་ལམ་མཐོན་པོའི་མཚན་མོ"སོགས་རིག་རྩལ་རྣམ་པའི་འཁྲབ་སྟོན་ཇུས་འགོད་དང་འགྲེམས་སྤེལ་བྱས་ཏེ། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ལྗོངས་ཁུལ་དུ་འདྲེན་པར་སྐུལ་འདེད་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཅས་གཏོང་དགོས། གསེར་དངུལ་ཐང་དམངས་གླུ་འགྲན་སྡུར་དང་། རྐང་ཚའི་པ་ཏྲ་ཧེ། འཇུ་ལག་གི་ཡོན་ཁྲུན་སྦི་རག་དུས་ཆེན་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་ནས་ལས་རིགས་གསར་བ་དེ་བས་མང་བ་བཏོད་དེ་ཡུལ་སྐོར་བ་འགུག་ཐུབ་པ་དང་སྡོད་ཐུབ་པ། ཡག་པོ་རྩེད་ཐུབ་པ། ད་དུང་ཡོང་འདོད་པ་བཅས་བརྩོན་ལེན་བྱེད་དགོས་ཟེར།

图片

སྨོན་ལམ་མཐོན་པོ་དང་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་དུ་ཤ་བོ་སྐྱབས་ཀྱིས་ལྗོངས་ཁུལ་གྱི་ལས་གཉེར་དང་གསར་བརྗེའི་ཉམས་ཞིབ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་གཟིགས་ཞིབ་གནང་སྟེ་བསྟན་དོན། སྨོན་ལམ་མཐོན་པོ་ལྗོངས་ཁུལ་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚོ་སྔོན་པོའི་ཡུལ་ལྗོངས་ཡོངས་ལ་ལྟ་ཐུབ་པའི་རི་རྩེ་གཅིག་པུ་ཡིན་པས་ཉེ་ཆར་ཡུལ་སྐོར་བ་མང་པོ་སླེབས་པ་དང་ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས9000ལས་བརྒལ་ཡོད་པས། སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱི་ཞབས་ཞུའི་འགན་ལེན་སོ་སོར་ཤུགས་སྣོན་པ་དང་ལྗོངས་ཁུལ་གྱི་གཉེར་སྐྱོང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ལས་རེས་ལས་སྲུང་ལ་ཤུགས་བསྣན་ཏེ་ལྗོངས་ཁུལ་གྱིས་ཕྱོགས་རྐྱང་བསྐྱོད་ལམ་གྱི་འགྲིམ་འགྲུལ་དོ་དམ་འཚོལ་ཞིབ་དང་ཚོད་ལྟའི་ལག་བསྟར་བྱ་རྒྱུར་མོས་མཐུན་བྱས་ནས་མཁོ་བསྟུན་རླངས་འཁོར་འཇོག་ས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། འགྲིམ་འགྲུལ་ཁག་བགོས་ལམ་སྟོན་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་བ་མང་བའི་དུས་ཚིགས་བསུ་བ་དང་ཡུལ་སྐོར་བའི་ཉམས་ལེན་གྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས། དམག་སྒར་བཅུ་གཉིས་པའི་གནའ་ཤུལ་གསར་བརྗེའི་ཉམས་ཞིབ་ཀྱི་ནང་དོན་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཁེ་ཐུའུ་གྲུ་ཁའི་གཏམ་རྒྱུད་ཡག་པོ་བཤད་པ། ཉམས་ཞིབ་བྱེད་སྒོར་འགན་སྲུང་དང་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས་ཟེར།

图片

བརྟག་ཞིབ་སྐབས། ཤ་བོ་སྐྱབས་ཀྱིས་ད་དུང་ལྗོངས་ཁུལ་དང་དེ་བཞིན་ལམ་རྒྱུད་དུ་ལས་འགན་སྒྲུབ་བཞིན་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པ། རིག་གནས་ཡུལ་སྐོར་ལས་རེས་ལས་བྱེད་པ་དང་ནགས་རྩྭ་དོ་དམ་སྲུང་སྐྱོབ་པ་སོགས་ལ་འཚམས་འདྲི་གནང་།

ཁུལ་གྱི་མགོ་ཁྲིད་ལི་ཞུ་ཀྲེན་དང་ཀརྨ་ཚེ་རིང་། དེ་བཞིན་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་གནང་།