ཡུལ་ལུང་སོ་སོའི་ལ་གཞས་བདམས་བཀོད།
发布时间:2025年07月31日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

བོད་ལྗོངས་ནག་ཆུའི་ལ་གཞས།

3cc8bbac2753b985472eb82a4042be4.jpg

ནག་ཆུའི་གླུ་བ་སྲི་ཆོས་རྡོ་རྗེ་དང་གླུ་མ་འོད་ཟེར་སྒྲོལ་མ།

ཕོ། རྒྱ་ཤིང་ལྕང་མ་ལྡེམ་སེ་བྱས། །  

རྒྱ་གར་ལྷ་བྱ་འབབ་དགོས་ད། །

ཨ་ལོང་ལུང་པ་ཡངས་སེ་བྱོས། །

ཨ་འགྲུལ་འགྲུལ་པ་གཤར་དགོས་ད། །

དགུན་ཆུ་གཏན་འདུག་ཡིན་ཟེར་ན། །

དགུན་ནམ་གྲང་ཡང་སྐྱོན་ལེ་མིན། །

རོགས་ལོ་ཁྲེལ་ཡོད་ཡིན་ཟེར་ན། །

ས་ཐག་རིང་ཡང་སྐྱོན་ལེ་མིན། ། 

རི་རེར་ཐུག་དུས་དར་རེ་འཛུགས། །

དར་ཡོད་ནས་ངོམ་ནི་མ་ཡིན་ཏེ། །

རི་ཁ་འཛིན་ཅི་ཡོད་ལྟ་ཆེད་ཡིན། ། 

ཆུ་རེར་ཐུག་དུས་ཇ་རེ་འདེབས། །

ཇ་ཡོད་ནས་ངོམ་ནི་མ་ཡིན་ཏེ། །

ཆུ་ཁ་ཞིམ་ཅི་ཡོད་ལྟ་ཆེད་ཡིན། ། 

རྫ་ལའི་ལ་དང་སྤང་ལའི་ལ། །

མཐོན་པོ་ལ་མོ་གར་དོང་རེད། །

རྫ་གཤམ་གཤམ་དང་སྤང་གཤམ་གཤམ། །

མཛེས་པོའི་མེ་ཏོག་གར་འཐུ་རེད། ། 

 མོ། རྟ་རྒྱུག་ན་ལ་དཀར་སྤང་ལ་ཤོག ། 

དེའི་རྒྱུག་ཡ་ཁ་དཀར་རྐྱང་གིས་བྱེད། །

བོའུ་འཕེན་ན་ཨ་སྔོན་དགུང་ལ་ཤོག །

དེའི་འཕེན་ཡ་གནམ་ལྕགས་ཐོག་གིས་བྱེད། །  

 རྒྱན་ཆ་ཨ་ལོང་སིལ་སྒྲ་གདའ། །

རྒྱ་གླུ་ཁྱེད་ཀིས་ངེད་ཀིས་ཉན། །

ཉན་བསམ་ན་སྦྲ་གུར་འགྲམ་ལ་ཤོག ། 

ལ་བརྒྱ་ལེན་སྟོང་ལེན་མི་ཤེས་དེས། །

ལེན་ཐག་ཆོད་ལ་མ་ང་འདྲ་དགོ །

རྟ་བརྒྱ་རྒྱུག་སྟོང་རྒྱུག་མི་ཤེས་དེས། །

རྒྱུག་ཐག་ཆོད་གཡུ་རྫི་ང་འདྲ་དགོ །

གངས་དཀར་རྦ་རླབས་གངས་རག་རེད། །

སྤྲིན་དཀར་འཁྲིག་དུས་རྒྱན་རག་རེད། །

མཚོ་སྔོན་པོའི་རྦ་རླབས་གཡུ་རག་རེད། །

སྦྲང་ཆར་འབབ་དུས་རྒྱན་རག་རེད། །

དཀར་འཇམ་ལུ་གུའི་ཚ་རུ་དེ། །

སྐེ་སོ་མེད་ན་འཇོབ་ལེ་མིན། །

ཚོན་པོ་མ་མོའི་མཁལ་ཚིལ་དེ། ། 

དང་ཁ་མེད་ན་འཇུ་ལེ་མིན། །  

ཀན་སུའུ་ཀན་ལྷོའི་ལ་གཞས།

2ea8772b1c361b8847a1d52f338ba2f.jpg

ཀན་ལྷོའི་གླུ་བ་དགེ་བྷེ།

 ངས་རྩེད་མགོ་ལེན་ན་རྩེད་མགོ་ལེན། ། 

ངས་རྩེད་མགོ་དབུས་གཙང་ཡུལ་ལ་ལེན། ། 

སྟོད་དབུས་གཙང་འོག་གཤར་ཐོག་གཤར་རེད། །     

ཐོག་གཤར་བླ་མ་བཞུགས་ས་རེད། །

འོག་གཤར་གྲྭ་བ་ཚོགས་ས་རེད། །

ཚོགས་གན་བྱས་འཚོགས་ནོ་སྔོན་ལས་རེད། །

ངས་རྩེད་རྔ་ལེན་ན་རྩེད་རྔ་ལེན། །

ངས་རྩེད་རྔ་སྡེ་ཆེན་གྲོང་ལ་ལེན། །

སྡེ་ཆེན་པོ་འོག་གཤར་ཐོག་གཤར་རེད། །

ཐོག་གཤར་ཕ་མ་བཞུགས་ས་རེད། །

འོག་གཤར་ན་ཟླ་རྩེད་ས་རེད། །

 སྡེ་གན་བྱས་རྩེད་ནོ་སྔོན་ལས་རེད། །

ed83f854b4c92893d85fb60c62a0c20.jpg

ཀན་ལྷོའི་གླུ་མ་སྒྲོལ་དཀར་སྐྱིད།

དགུང་སྔོན་པོ་ཟེར་བའི་རྩེད་ཁང་ཟིག །  

འབྲུག་ཕོ་ཁྱུང་ཟེར་བའི་རྩེད་རོགས་ཟིག །

ཆུ་ཆར་བ་ཟེར་བའི་རྩེད་ཆས་ཟིག །

དགུང་འདི་ནས་མི་རྩེད་གང་ནས་རྩེད། །

ཕྱི་སྡེ་བ་ཟེར་བའི་རྩེད་ཁང་ཟིག །

ནང་ན་ཟླ་ཟེར་བའི་རྩེད་རོགས་ཟིག །

ཁ་ལ་གཞས་ཟེར་བའི་རྩེད་ཆས་ཟིག །

སྡེ་འདི་ནས་མི་རྩེད་གང་ནས་རྩེད། །  

སི་ཁྲོན་བྲག་འགོའི་ལ་གཞས།

f69c05608b1833a1b8f92f62fa94516.jpg

སི་ཁྲོན་གྱི་གླུ་བ་ཡེ་ཤེས་མེ་འབར་དང་གླུ་མ་སྐྱིད་བྱམས།

ཕོ། ཁྱོད་ནི་རི་རྒྱལ་ལྷུན་པོ།  

ང་ནི་འཛམ་གླིང་ཉི་མ། 

མོ། རི་རྒྱལ་བཀན་སེ་སྡོད་དང་། 

འཛམ་གླིང་ཉི་མས་བསྐོར་ཡོང་། 

ཕོ། ཁྱོད་ནི་མཚོ་མོ་ཡར་འཁྱིལ།   

ང་ནི་མཚོ་བྱ་ངང་ལོ། 

མོ། མཚོ་མོ་དྭངས་སེ་སྡོད་དང་།  

མཚོ་བྱ་ངང་བས་བསྐོར་ཡོང་། 

ཕོ། ཕ་རོལ་ཐང་ཆེན་དཀྱིལ་ན།  

ར་མ་ལུག་གིས་གང་ཡོད། 

མོ། ལྷ་ལུག་ཀྭ་བ་དུང་མགོ།   

ཆུང་འདྲིས་འུ་གཉིས་ཚེ་ཐར། 

ཕོ། ཆུ་ཆེན་ཆེ་ན་ཆེ་སོང་། 

ཟམ་པ་ཆད་ན་ཆད་སོང་། 

མོ། རྟ་ཕོ་རྐྱང་ཕྲུག་འུ་གཉིས།  

ཆུ་མགོའི་མགོ་ནས་བསྐོར་ཡོང་། 

ཕོ། རྒྱ་ནག་ས་གདན་སྟེང་ན།  

ཆུ་འབྲུག་རི་མོ་བྲིས་ཡོད། 

མོ། དེའི་ཐོག་འདུག་མོས་ཡོད་ན།   

ས་ཐག་རྒྱང་ནས་སྐོར་ཆོག 

ཡུན་ནན་བདེ་ཆེན་གྱི་ལ་གཞས།

25b536e2f60684dbe55bfcfe96c9145.jpg

ཡུན་ནན་གྱི་གླུ་བ་དམ་པ་ཀླུ་སྒྲུབ་དང་གླུ་མ་སྒྲོལ་མ་ཆོས་མཚོ།

གནས་ཆེན་མོ་ཁ་བ་དཀར་པོ་རེད།  

སྡེ་མི་སྲས་གསོལ་བ་བཏབ་ས་རེད།

མོ། ངའི་ཨ་ཇོ་ཡོ་ཡོ་ཕ་ཡུལ་གང་ཡིན་ཡོ་ཡོ། 

ངའི་ཨ་ཇོ་ཡོ་ཡོ་ཕ་ཡུལ་གང་ཡིན་ཡོ་ཡོ།

ཕོ། ངའི་ཕ་ཡུལ་ཡོ་ཡོ་བྲག་དཀར་སྟེང་ལ་ཡོད།

བྲག་ལ་དཀར་པོ་མཐོང་རན་ཕ་ཡུལ་དྲན་བྱུང་ཡོ་ཡོ།

བྲག་ལ་དཀར་པོ་མཐོང་རན་ཕ་ཡུལ་དྲན་བྱུང་ཡོ་ཡོ།

ཕོ། ངའི་སྲིང་མོ་ཡོ་ཡོ་ཕ་ཡུལ་གང་ཡིན་ཡོ་ཡོ།  

ངའི་སྲིང་མོ་ཡོ་ཡོ་ཕ་ཡུལ་གང་ཡིན་ཡོ་ཡོ།

མོ། ངའི་ཕ་ཡུལ་ཡོ་ཡོ་ནགས་ཚང་སྤང་ཚང་ཡོད།

སྤང་གི་མེ་ཏོག་མཐོང་ན་ཕ་ཡུལ་དྲན་བྱུང་ཡོ་ཡོ།

སྤང་གི་མེ་ཏོག་མཐོང་ན་ཕ་ཡུལ་དྲན་བྱུང་ཡོ་ཡོ།

གཞས་མོ་བཏབ།

མོ། ཆུ་ནང་རྡོ་གཅིག་བརྒྱབ་ཡིན།

ཉ་མོ་ཨེ་འདུག་མ་ཤེས།

ཉ་མོ་ཨེ་འདུག་ཤེས་ན།

རྡོ་གཅིག་བརྒྱབ་པོ་ག་ཡོད།

ཕོ། གནམ་ན་སྐས་གཅིག་འཛུགས་ཡིན།   

སྤྲིན་ལ་འཕྲིན་ཞིག་བསྐུར་ཡིན།

ཕ་ཡུལ་ས་ཐག་རིང་འདྲ།

སྐད་ལན་འོང་ས་མི་འདུག

མོ། ལམ་ཕྱེད་སེར་བ་བབས་བྱུང་། 

ཞག་གཅིག་གནས་ཚང་བཟོ་ཡིན། 

རྗེས་སུ་ལྟ་མི་འདུག་ན།

ལ་མོ་རྒྱབ་ཐེར་ཟེར་རོགས། 

ཕོ། ཆུ་ཡི་ཆུ་ཆེན་ཁ་ལ།   

ཨ་མ་ལན་གསུམ་འབོད་ཡིན།

འབོད་ཐེར་ཚོར་ཟེར་མི་འདུག

སྐད་ཤུགས་ཆུ་ཡིས་ཁྱེར་སོང་།

མོ། ཟགས་ཀྱི་གོང་ཆེན་ཐང་ནང་། 

རས་དཀར་གུར་གཅིག་ཕུབ་ཡིན། 

ཆར་བ་ཨེ་བཀག་མ་བཀག

ལོ་ཆུང་རོགས་ལ་དྲི་ཆོག 

ཕོ། རྒྱ་གར་མངར་བྲོ་ཁམ་བུ། 

དང་པོ་ང་ཡིས་འདེབས་ཡིན།

སྐྱུར་ནི་སྐྱུར་མཐར་ཆད་རོགས།

མངར་ནི་མངར་མཐར་ཆད་རོགས།

མོ། དཀར་ནི་རིལ་དཀར་དཀར་བྱུང་། 

མཉམ་ནི་འབུ་རས་མཉམ་བྱུང་།

འབུ་རས་མཉམ་མཐར་ཆེ་གྲགས། 

རིལ་དཀར་དགོངས་པ་མ་ཚོམ།

ཕོ། ལམ་གཅིག་གསུམ་འཛོམས་ནང་ལ།  

གཡེར་མ་སྡོང་གཅིག་སྐྱེས་སོང་།

གཡེར་མ་ཁ་དུག་ངར་སོང་།

བརྒྱ་ལམ་སྟོང་ལམ་བཀག་སོང་།

མོ། ལམ་གཅིག་སྐུད་ཕྲིག་ནང་ལ། 

སྟོང་སྐུད་ཉྭ་གཅིག་རྫངས་ཡིན།

པང་ལ་བློ་ཐབས་ཡོད་ན།

སྟོང་སྐུད་ཉྭ་གཅིག་འཁྲིལ་ཤོག

ཕོ། ཐང་གཅིག་གོར་ཅན་ཐང་ནང་།  

གོར་ཅན་ཆ་གཅིག་ལན་སོང་།

གོར་ཅན་ཆུང་ན་མ་བསང་།

རི་མོ་བརྒྱ་དང་བརྒྱད་བཅུ།

མོ། བྱ་མོ་ནག་ནག་ཞིག་གིས། 

སྒོང་ང་ཁྲ་ཁྲ་སྐྱེས་སོང་།

དཀར་ནི་དཀར་མཐར་ཆད་ཤོག

ནག་ནི་ནག་མཐར་ཆད་ཤོག

ཕོ། ཁམ་བུ་ཕྱི་ལ་ཞིམ་བྱུང་།

སྟར་ཀ་ནང་ལ་ཞིམ་བྱུང་།

གསོལ་ཏོག་ཨ་མའི་འབྲས་བུ།

ཕྱི་ནང་མེད་པ་ཞིམ་བྱུང་།

མོ། ཆུ་མགོ་བགོ་ཡང་མི་སྣང་།  

ཆུ་སྐེད་ཕྱི་ཡང་མི་སྣང་།

རང་ཅག་བསོད་ནམས་ཆེ་སོང་།

འཐུང་ཆུ་མགོ་ལ་འབབ་བྱུང་།

ཕོ་མོ་མཉམ་ལེན། དཀར་ཡོར་ཅག་ན་དཀར་དཀར།         

འོ་མ་གཏོར་ན་དཀར་དཀར།

མི་ཤི་སེམས་པ་དཀར་དཀར།

ཤི་ན་རུས་པ་དཀར་དཀར།

ཕོ། ངའི་སྲིང་མོ་ཡོ་ཡོ་ཕ་ཡུལ་གང་ཡིན་ཡོ་ཡོ། 

ངའི་སྲིང་མོ་ཡོ་ཡོ་ཕ་ཡུལ་གང་ཡིན་ཡོ་ཡོ།

མོ། ངའི་ཕ་ཡུལ་ཡོ་ཡོ་བདེ་ཆེན་ལུང་པ་ཡོ་ཡོ།  

གནས་ཆེན་ཁ་བ་དཀར་པོ།

བསོད་ནམས་ཆག་པའི་ས་ཆ།

མོ། ངའི་ཨ་ཇོ་ཡོ་ཡོ་ཕ་ཡུལ་གང་ཡིན་ཡོ་ཡོ།  

ངའི་ཨ་ཇོ་ཡོ་ཡོ་ཕ་ཡུལ་གང་ཡིན་ཡོ་ཡོ།

ཕོ། ངའི་ཕ་ཡུལ་ཡོ་ཡོ་བླ་འཕེལ་ལུང་པ་ཡོ་ཡ།  

གནས་གཅིག་དམ་པ་གནས་ལ།

ཕ་ཡུལ་ཕྱོགས་ལ་གཞུགས་ཡོད།

ཕོ་མོ་མཉམ་ལེན། 

ས་ཆ་སྐྱིད་པོ་ཡོ་ཡོ་མཚུར་ཕུ་ལུང་པ་ཡོ་ཡོ།

ས་ཡི་ག་ས་ག་ལ་ཡོ་ཡོ་ཕ་ཡུལ་འདྲ་བྱུང་ཡོ་ཡོ།

ས་ཡི་ག་ས་ག་ལ་ཡོ་ཡོ་ཕ་ཡུལ་འདྲ་བྱུང་ཡོ་ཡོ།