གངས་ལྗོངས་གཞོན་ནུ་ལྷད་མེད་བརྩེ་བས་བསྐྱངས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས4ཉིན། ཉི་འོད་དྲོ་ཞིང་འཇམ། རྐང་ཚ་རྫོང་བོད་མཁར་བྱིས་སྐྱོང་ཁང་གི་རྩལ་སྦྱོང་ར་བར་ལུས་ལ་ལྗང་མདོག་གི་སློབ་ལྭ་གྱོན་པའི་བྱིས་པ་རྣམས་རང་དགར་རྩེད་འཇོར་རོལ་བཞིན་ཡོད་ལ། ལྷད་མེད་པའི་དགོད་སྒྲས་མི་ལ་སྤྲོ་སྣང་སྟེར།
སློབ་ཁྲིད་ཐོག་ཁང་དུ་བསྐྱོད་པ་ན། གྲལ་དག་གྲུ་གཙང་གི་ཁོར་ཡུག་ཉམས་དགའ་བར་འདུག ཐོག་སོ་གཉིས་པའི་ལག་ཤེས་བྱ་འགུལ་ཁུལ་དུ་བྱིས་པ10ལྷག་ཅོག་ཙེའི་མདུན་དུ་བཙོག་ནས་ཚོན་སྨྱུག་གིས་རྡོ་བའི་སྟེང་དུ་རི་མོ་འབྲི་བར་བྲེལ་བཞིན་ཡོད་ལ། དྲོད་འཇམ་གྱི་ཉི་འོད་སྒེའུ་ཁུང་བརྒྱུད་ནས་འཕྲོས་པས། ཅོག་ངོས་སུ་ཁ་དོག་མི་འདྲ་བའི་ཚོན་རིས་སྣ་ཚོགས་ལམ་ལམ་འཕྲོ།

རྐང་ཚ་རྫོང་བོད་མཁར་བྱིས་སྙོར་ཁང་།
ཕྱོགས་བཞིར་སྐོར་ལྟ་ཞིག་བྱས་པ་ན། དཔེ་ཀློག་ཁུལ་གྱི་དཔེ་སྒྲོམ་དམའ་མོའི་སྟེང་དུ་རིས་དེབ་སྣ་ཚོགས་གྲལ་དག་པར་བསྒྲིགས་ནས་ཡོད་ལ། རྐུབ་སྟེགས་ཆུང་ངུ་དག་གི་སྟེང་དུ་ཚོན་མདོག་གི་སྙེ་འབོལ་འགའ་བཞག་ཡོད་ཅིང་། མཛེས་རྩལ་ཁུལ་གྱི་ཅོག་ཙེ་རིང་པོའི་སྟེང་དུ་ཚོན་རྩི་དང་ཁེ་གྲི། ཚོན་ཤོག་སྣ་ཚོགས་བཞག་ཡོད་པ་དང་། གྱང་ངོས་རྣམས་སུ་བྱིས་པ་ཚོའི་ཚོན་རིས་དང་ལག་བཟོས་བརྩམས་ཆོས་མང་དུ་སྦྱར་འདུག བློ་སྐྱེད་ཁུལ་དུ་སྒྲིག་རིས་དང་སྒྲིག་ཤིང་སོགས་ཀྱི་རྩེད་ཆས་དག་གཏོར་ནས་ཡོད་པ་སོགས། སློབ་ཁང་ཧྲིལ་པོ་ཕུན་སུམ་ཚོགས་པའི་བྱེད་ནུས་ཁུལ་དུ་མར་བགོས་འདུག
“དགེ་རྒན། ངའི་རླངས་འཁོར་ཆུང་ཆུང་ལ་ཅིག་ལྟོས་དང” ལོ་རིམ་གོང་མའི་འཛིན་གྲྭ་དང་པོའི་གྲོགས་པོ་ཆུང་ཆུང་ཀྲའོ་ཧྲེང་ཡིའུ་ཡིས་ལག་གི་བརྩམས་ཆོས་མཐོ་རུ་བཀྱགས་ནས་དགེ་རྒན་ལ་བསྟན། ཁོའི་ལག་གི་རྡོ་ལེབ་གོར་མོ་དེའི་སྟེང་དུ་ཁ་དོག་དམར་པོ་དང་སེར་པོ། སྔོན་པོ་བཅས་ཀྱིས་སྒེའུ་ཁུང་དང་བཅས་པ་ཚང་བའི་རླངས་འཁོར་ཞིག་བྲིས་འདུག་པས། རྫིག་ཉམས་དོད་པའི་རླངས་འཁོར་ཆུང་བ་ཞིག་གི་བཟོ་ལྟ་ཐོན་འདུག
སྔོན་ཆད་རྐང་ཚ་རྫོང་དུ་བྱིས་སྐྱོང་ཁང་གཉིས་ལས་མེད་དེ། བྱིས་པ་མང་ལ་སློབ་ཁང་ཉུང་བས་འཛིན་གྲྭ་རེ་ལ་སློབ་མ་མང་དྲགས་པའི་གནས་ཚུལ་ཡོངས་ཁྱབ་ཏུ་གནས་ལ། སློབ་སྔོན་སློབ་གསོའི་ཐོན་ཁུངས་དཀོན་པའི་གནད་དོན་མངོན་གསལ་རེད། 2023ལོའི་ཟླ9པར། ཧྲན་ཏུང་གིས་རོགས་འཛུགས་མ་དངུལ་སྒོར་ཁྲི600བཏང་སྟེ་རྐང་ཚ་རྫོང་བོད་མཁར་བྱིས་སྐྱོང་ཁང་བཙུགས་ཤིང་དངོས་སུ་སྒོ་ཕྱེ་བས། སློབ་སྔོན་སློབ་གསོའི་ཐོན་ཁུངས་དཀོན་པའི་གནས་བབ་ཀྱང་དེ་དང་བསྟུན་ནས་ལེགས་བཅོས་བྱུང་། མིག་སྔར། བྱིས་སྐྱོང་ཁང་འདིར་བྱིས་པ280ལྷག་ཡོད་ཅིང་དེས་རྫོང་ཡོངས་ཀྱི་བྱིས་སྐྱོང་ཁང་གསུམ་གྱི་སྤྱིའི་མི་འབོར་གྱི་སུམ་ཆའི་གཅིག་ཡན་ཟིན་ཡོད།
“རོགས་སྐྲུན་མ་དངུལ་ལ་བརྟེན་ནས། ང་ཚོས་སྒོ་ཕྱིའི་བྱ་འགུལ་ཁུལ་དུ་ཨར་འདམ་བླུགས་ཤིང་། འགྱིག་རྒྱུའི་རྒྱུག་ལམ་བཏིང་བ་དང་། ར་སྐོར་བསྐྲུན་ཡོད་ལ། ད་དུང་འཚོ་བའི་མྱོང་རོལ་ཁུལ་བསྐྲུན་པས། ཕྱོགས་ཡོངས་ནས་བྱིས་པ་ཚོའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་བཏང་བར་མ་ཟད། ས་གནས་ཀྱི་བྱིས་སྐྱོང་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད”ཅེས་བོད་མཁར་བྱིས་སྐྱོང་ཁང་གི་ཡོན་ཀྲང་ཚའོ་ཀྲེང་ལུང་གིས་ངོ་སྤྲོད་བྱས་པ་དང་། ཧྲན་ཏུང་ཞིང་ཆེན་ལུའོ་ཁྲེང་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གཉིས་པའི་བྱིས་སྐྱོང་ཁང་གིས་ད་དུང་བོད་མཁར་བྱིས་སྐྱོང་ཁང་དང་ཟླ་སྒྲིལ་རོགས་སྐྱོར་ནང་རྐྱེན་བཙུགས་ནས། སློབ་ཁྲིད་ལས་དོན་དང་དགེ་རྒན་གྱི་བརྗེ་རེས་སོགས་ལ་དམིགས་ཏེ་ཉམས་མྱོང་མཉམ་སྤྱོད་དང་ལག་ལེན་མཉམ་འབྲེལ་བྱས་པས། བོད་མཁར་བྱིས་སྐྱོང་ཁང་གི་སློབ་གསོའི་ཆུ་ཚད་ནུས་ལྡན་སྒོས་མཐོར་འདེགས་བཏང་ཡོད།

བོད་མཁར་བྱིས་སྙོར་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་ལུས་རྩལ་ར་བར་རྩེད་འཇོར་རོལ་བ།
ཧྲན་ཏུང་གིས་རོགས་སྐྲུན་མ་དངུལ་སྒོར་ཁྲི9000བཏང་ནས་བསྐྲུན་པའི་ལུའུ་ཆིན་མཐོ་འབྲིང་གི2024ལོའི་མཐོ་རྒྱུགས་ཀྱི་དངོས་གཞི་དུམ་ཚན་དང་པོ་དང་གཙོ་གནད་དངོས་གཞིར་རྒྱུགས་འཕྲོད་ཚད་ཆ་སྙོམས་ཀྱིས་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཝེ་ཧའེ་རུ་སྒྱུ་རྩལ་རིགས་ཀྱི་མཐོ་རྒྱུགས་འཛིན་གྲྭ་ཐོག་མར་བཙུགས་ཏེ་ལོ་རེར་ཁ་ཕྱོགས་གཏན་འཁེལ་ལྟར་མཚོ་བྱང་ཁུལ་ནས་སློབ་མ50སྡུད་བཞིན་ཡོད་ལ། སློབ་མ་དག་གིས་རྒྱལ་ཁབ་ཀྱི་བོད་ལྗོངས་འབྲིང་རིམ་འཛིན་གྲྭའི་དམིགས་བསལ་སློབ་གསོའི་ཁ་གསབ་དང་སློབ་རིན་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱད་ཆོག མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཧྲན་ཏུང་གི་བྱ་བའི་ཚན་ཆུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་ཁ་གཏད་རོགས་སྐྱོར་གྱི་དམིགས་བསལ་ཁྱབ་ཁོངས་དང་གཙོ་གནད་བཟོ་འགོད་དུ་བཟུང་སྟེ། ལྷད་མེད་བརྩེ་སེམས་དང་གསེར་དངུལ་རྒྱུ་ཡོན་བཏང་ནས། སློབ་སྒྲུབ་ཆ་རྐྱེན་ཧུར་ཐག་གིས་ལེགས་བཅོས་བྱས་ཤིང་། སློབ་གསོའི“མཁྲེགས་ཤུགས”མཐོར་འདེགས་བཏང་ཡོད།
བོད་ལུགས་ཀྱི་ཉམས་བཟང་དང་དེང་རབས་ཀྱི་བཟོ་ལྟ་གཅིག་ཏུ་ཚང་བའི་བྱིས་སྐྱོང་ཁང་འདི་ནི། ཧྲན་ཏུང་དང་མཚོ་སྔོན་གྱི་ལྷད་མེད་མཛའ་བརྩེ་མཚོན་པའི་དཔང་རྟགས་ཡིན་པར་མ་ཟད། དེ་བས་ཀྱང་མཐོ་སྒང་གི་བྱིས་པ་ཚོའི་བདེ་སྐྱིད་ཀྱི་བྱིས་དུས་ལ་འོད་སྣང་བསྐྲུན་ཡོད། །