མཚོ་སྔོན་པོའི་ཁེ་རམ་ཐང་དུ་སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དབྱར་གཞུང་གི་ཞོགས་པར། གསར་འགོད་པ་ཁེ་རམ་ཐང་མཛེས་ལྗོངས་ཁུལ་དུ་སོང་བ་ན། བསིལ་བསིལ་གྱི་རླུང་བུས་གདོང་ལ་བྱིལ་བྱིལ་བཏང་ཞིང་།མིག་གིས་ཕྱོགས་བཞིར་བལྟས་ཚེ།ཐག་མི་རིང་བའི་ས་རུ་ཆུ་བྱ་མང་པོས་མཚོ་ངོགས་སུ་གཤོག་རྩལ་ངོམ་བཞིན་འདུག
“ངང་དཀར། ངང་དཀར། ”ཉིན་གུང་དུ་སླེབས་ལ་ཉེ་དུས། ཡུལ་སྐོར་པ་ཀྲང་ཧུའེ་ཡིས་ངང་དཀར་གྱི་གྲིབ་གཟུགས་མཐོང་བྱུང་། སྨི200ལྷག་གི་ཕ་རོལ་དུ་ཡོད་པའི་བརླན་སའི་སྟེང་དུ། ངང་དཀར་གཉིས་ཀྱིས་མགྲིན་པ་བཏེགས་ནས་གླུ་གཞས་ལེན་ཞིང་།གཤོག་པ་རྡེབ་བཞིན་དགའ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་མཆིས། ཡུལ་ལྗོངས་དེ་མཐོང་མ་ཐག་ཏུ། ཀྲང་ཧུའེ་དང་ཁྱིམ་མིས་མྱུར་དུ་ཁ་པར་བཟུང་ནས་མཐོང་དཀའ་བའི་ལྗོངས་རྣམ་པར་དུ་བླངས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཡུལ་སྐོར་ལས་གཉེར་མཁན་དཔལ་ཆེན་འབུམ་གྱིས་ངོ་སྤྲོད་བྱས་པ་ལྟར་ན།ཁེ་རམ་ཐང་གི་བརླན་སར་འཚོ་སྡོད་བྱེད་པའི་ངང་དཀར་གྱི་ཁྱུ་ཚོགས་དུས་ཚིགས་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་དེ། ཁ་བའི་འདབ་མ་འཐོར་བའི་དགུན་དུས་དང་ལྗང་མྱུག་འབུས་པའི་དཔྱིད་དུས་ནི་ཆེས་མང་བའི་དུས་ཡིན་པ་དང་། དབྱར་གཞུང་དང་གསེར་མདོག་གི་སྟོན་དུས་ལ་རིམ་གྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད། མིག་སྔར་མཐོང་བའི་ངང་དཀར་དེ་ཡང་ཁེ་རམ་ཐང་ནས་ཅུང་བསིལ་བའི་དབྱར་དུས་ཀྱི་འཚོ་སྡོད་ཁུལ་དུ་འཕུར་བར་སྟ་གོན་བྱེད་བཞིན་གདའ།
མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཁེ་རམ་ཐང་ནི་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་དཔེ་མཚོན་དུ་རུང་བའི་བརླན་ས་ཞིག་ཡིན་པ་དང་ཆུའི་མ་ལག་དང་ཆུ་སྐྱེས་རྩི་ཤིང་རིགས་ཕུན་སུམ་ཚོགས་ཤིང་སྔོ་ཁེབས་ཚད95%ཟིན་པས།བརླན་སའི་སྐྱེ་ཁམས་བཟང་པོ་དེས་ངང་དཀར་སོགས་འདབ་ཆགས་མང་པོ་ཞིག་གནས་འདིར་གཞིས་ཆགས་པར་འགུག་གིན་འདུག
འབྲེལ་ཡོད་ལྟ་ཞིབ་ཚད་ལེན་དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་ཆུ་ཁོངས་སུ་ལྟ་ཞིབ་ཚད་ལེན་བྱས་པའི་ངང་དཀར5000ལས་བརྒལ་བ་དང་། གཙོ་བོ་ཁེ་རམ་ཐང་དང་། མཚེར་བ་རི། ཐེབ་རྒྱ་ཆུ་བོ། མཚོ་འཁྱིལ་ཆུ་བོ། གཡུ་དཀར་འོམ་ལུང་ཆུ་བཅས་ཀྱི་རྒྱུད་དུ་ཁྱབ་ཡོད།
ཕྱི་དྲོར། གནམ་གཤིས་དྭངས་ཤིང་གསལ། གསར་འགོད་པ་ཁེ་རམ་ཐང་གི་ཆུ་འགྲམ་སྟེགས་བུའི་སྟེང་དུ་ལངས་སྐབས། མཚེའུའི་ངོགས་སུ་འོད་འཚེར་བའི་རྣམ་པ་ཞིག་མངོན་ཡོད། ཡུལ་ལྗོངས་དེ་མིག་མདུན་ནས་སྨི་བརྒྱ་ཕྲག་ཁ་ཤས་ཀྱི་བར་དུ་བརྐྱངས་ཡོད། ཁ་ཕྱིར་འཁོར་ནས་ནུབ་ཕྱོགས་སུ་བལྟས་ཚེ། མཛེས་ལྗོངས་ཁུལ་ཕྱི་རོལ་གྱི་རྩྭ་སའི་སྟེང་དུ་ཁྲུང་ཁྲུང་སྐེ་ནག་ཅིག་འཆམ་འཆམ་བྱེད་བཞིན་ཡོད་པ་དང་།གཞན་ཞིག་གིས་མཚེའུ་དཀྱིལ་གྱི་གླིང་ཕྲན་ཐོག་རྒུམ་བུ་འཚོལ་བཞིན་ཡོད། ཟླ་དྲུག་པ་ནི་ཁྲུང་ཁྲུང་སྐེ་ནག་གིས་ཕྲུ་གུ་གསོ་སྐྱོང་བྱེད་པའི་དུས་ཚིགས་ཡིན་པ་དང་ཁྲུང་ཁྲུང་སྐེ་ནག་དེ་ཚོས་མིས་བཟོས་འགལ་རྐྱེན་ཅུང་ཉུང་བའི་མཚོ་སྔོན་པོའི་ཁེ་རམ་ཐང་ནི་འདབ་ཆགས་ཀྱི་རབས་རྗེས་མ་གསོ་སྐྱོང་བྱ་ཡུལ་དུ་བདམས་ཡོད། ཁེ་རམ་ཐང་ནི་མཚོ་སྔོན་པོའི་ལྟ་སྐོར་རིན་ཐང་ཆེ་ཤོས་ལྡན་པའི་ས་ཁོངས་ཀྱི་གྲས་ཤིག་ཡིན་ལ།མཚོ་སྔོན་པོའི་ཆེས་གལ་ཆེ་བའི་བརླན་སའི་གྲས་ཤིག་ཀྱང་རེད།1992ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས《རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་ཐོའི》ནང་བཅུག་པར་མ་ཟད།《ལྷག་པར་ཆུ་བྱ་འཚོ་སྡོད་བྱ་ཡུལ་ཡིན་པའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་སྤྱི་ཆིངས》ནང་བཞག་ཡོད་པས། རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཡོད་ལ།ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྐང་ཚ་རྫོང་གི་སྐྱེ་ཁམས་བདག་སྐྱོང་པ་སུན་ཝེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཡུན་རིང་མ་འགོར་བའི་སྔོན་ལ་ཁོ་དང་ཁོའི་ལས་རོགས་ཀྱིས་ཁེ་རམ་ཐང་གི་ཉེ་འགྲམ་གྱི་ཞིང་ནང་དུ་ཁྱུ་ཚོགས་ཅུང་མང་བའི་ཁྲུང་ཁྲུང་སྐེ་ནག་མཐོང་ཞིང་།དེ་དག་གིས་ཞིང་ནང་དུ་ཕན་ཚུན་རྗེས་འདེད་བྱེད་བཞིན་ཡོད་པས་ཧ་ཅང་འཁྲུག་ཉམས་ཀྱིས་ཁེངས་ཡོད། ཉིན་དེར་ཁྲུང་ཁྲུང་སྐེ་ནག60ལྷག་ལྟ་ཞིབ་ཚད་ལེན་བྱེད་ཐུབ་སོང་། ཁྲུང་ཁྲུང་སྐེ་ནག་སླེབས་པས་སུན་ཝེ་དང་ལས་གྲོགས་རྣམས་ལས་ལ་བྲེལ་མགོ་བརྩམས་བྱུང་། ཁོ་ཚོས་ཉིན་ལྟར་རྒྱང་མཐོང་སྤྱད་དེ་ཁྲུང་ཁྲུང་སྐེ་ནག་གནས་སྤོ་བྱེད་པའི་འཕེལ་ཕྱོགས་སུ་ལྟ་ཞིབ་བྱེད་པར་མ་ཟད།ད་དུང་སྒྲིག་ཆས་ཁྱེར་ནས་མཐའ་འཁོར་དུ་སྐོར་གཡེང་བྱས་ཏེ་ཕྱི་རོལ་གྱི་རྒྱུ་རྐྱེན་གྱིས་རི་སྐྱེས་སྲོག་ཆགས་ལ་འགོག་རྐྱེན་བཟོ་བར་སྔོན་འགོག་བྱེད་ཀྱིན་ཡོད། གནམ་གཤིས་རྒྱུན་ཆད་མེད་པར་ཇེ་དྲོ་རུ་ཕྱིན་པ་དང་བསྟུན་ནས།ངང་དཀར་སྔ་རྗེས་སུ་མཚོ་སྔོན་པོ་དང་ཁ་བྲལ་ཏེ། རྒྱང་ཐག་རིང་བའི་བྱང་ཕྱོགས་སུ་འཕུར་བཞིན་ཡོད། ཁྲུང་ཁྲུང་སྐེ་ནག་ཀྱང་ནམ་ཟླ་དྲོ་བའི་ལྷོ་ཕྱོགས་རྒྱུད་ནས་མཚོ་སྔོན་པོར་འཕུར་ཡོང་སྟེ། ཁེ་རམ་ཐང་གི་ཁུགས་སོ་རུ་བྱ་ཚང་བཅོས་ཤིང་སྒོ་ང་བཏང་ནས་བྱ་ཕྲུག་གསོ་སྐྱོང་བྱེད་ཀྱིན་འདུག “ཁྲུང་ཁྲུང་སྐེ་ནག་གི་བྱ་ཕྲུག་ཚང་ནས་ཕྱིར་ཐོན་སོང་།”ཟླ7པའི་ཟླ་མགོར།ཁེ་རམ་ཐང་གི་བརླན་སར་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་གཉིས་ཀྱིས་ཁྲུང་ཁྲུང་ཕྲུ་གུ་གཉིས་བདེ་བླག་ངང་ཁྲིད་པ་དང་། བཟའ་ཟླ་གཉིས་ཀ་ལས་མེད་པའི་བྱ་ཚང་དེ་བཟའ་མི་བཞི་འཛོམས་ཀྱི་ཁྱིམ་ཚང་ལྟ་བུ་ཞིག་ཏུ་གྱུར་ནས། ལྷིང་འཇགས་ཀྱི་བརླན་སར་སྐྱེ་སྟོབས་སྦྱིན་ཡོད། ཉིན་དེ་དག་ལ། པར་ལེན་པར་དགའ་བའི་ཚེ་བྱམས་རྒྱལ་གྱིས་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་དེ་གཉིས་ཀྱིས་བྱ་ཕྲུག་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་པར་དུ་བཀོད་ཡོད། མཚོ་སྔོན་པོའི་ཁེ་རམ་ཐང་མཛེས་ལྗོངས་ཁུལ་ནི་ངང་དཀར་དང་ཁྲུང་ཁྲུང་སྐེ་ནག་གི་ཁྱིམ་གཞིས་ཡིན་པར་མ་ཟད།དེ་བས་ཀྱང་ངང་དཀར་དང་ཁྲུང་ཁྲུང་སྐེ་ནག་གིས་མཚོན་པའི་མཐོ་སྒང་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་གནས་ཁུལ་ཡིན་པས།དེ་ལ“ཚེ་སྲོག་གི་འབྱུང་གནས”དང་།“སྐྱེ་དངོས་རྒྱུད་རྒྱུའི་མཛོད”དང“འདབ་ཆགས་རིགས་ཀྱི་སྤྲོ་སྐྱིད་གླིང”ཞེས་འབོད་བཞིན་ཡོད།ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱིས་མི་རྣམས་ཧ་ལས་ཤིང་ཧང་སངས་སུ་བཅུག་ཡོད། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བ་སྤེལ་བ་ནས་བཟུང་། རང་ཞིང་གིས་རྩྭ་ཐང་དང་ནགས་ཚལ།བརླན་ས།བྱེ་ཐང་ཅན་གྱི་ས་ཆ་བཅས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཁྱོན་ཡོངས་ནས་ཤུགས་བརྒྱབ་པས། མཚོ་སྔོན་པོའི་ཆུ་གསོག་ཚད་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པ་དང་།འབབ་རྒྱུད་ཀྱི་ཆུ་སྤུས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ།རྩྭ་ཐང་གི་སྔོ་ཁེབས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མགྱོགས་མྱུར་ངང་སླར་གསོ་བྱུང་བ།ཁོར་ཡུག་སྤུས་ཚད་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ།སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་སྔར་བས་མཐོ་རུ་ཕྱིན་པ་བཅས་ཀྱི་སྣང་ཚུལ་མངོན་ཡོད། །