གཡི་དཀར་འོམ་ལུང་ཡུལ་ཚོས་ལྗང་འགྱུར་གྱི་རྣམ་པ་གསར་དུ་བསྐྲུན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡི་དཀར་འོམ་ལུང་ཡུལ་ཚོས་ཁུལ་ཨུའི་འགོ་ཁྲིད་གཙོ་བོས་བརྟག་ཞིབ་བྱས་པའི་ཚུར་ལན་བསམ་འཆར་རྩ་བའི་གཞི་འཛིན་སར་བྱས་ཏེ། རྐང་ཚ་རྫོང་གི་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་ཀྱི་ལོ་གསུམ་ལག་བསྟར་དང་དེ་བཞིན《གཡི་དཀར་འོམ་ལུང་ཡུལ་ཚོའི་ཁོར་ཡུག་ལེགས་བཅོས་ཀྱི་ལོ་གསུམ་ལག་བསྟར་ཇུས་གཞིའི(2025ལོ་ནས2027ལོའི་བར)》བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་ས་ཁོངས་ཡོངས་ཀྱི་ལྗང་འགྱུར་མཛེས་བཟོའི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད། “གནས་རྒྱུད་ངོས་གསུམ”མཐུན་སྦྱོར་མཐོར་གཏོང་ལ་དམིགས་ཏེ།གཙོ་བོ་མང་ཚོགས་ཀྱི“སྒོ་འགྲམ་གྱི་ཡུལ་ལྗོངས”གསར་དུ་བསྐྲུན་ནས་ཚལ་རའི་ཁོར་ཡུག་ཚད་ལྡན་ལེགས་བཅོས་བྱས་ཏེ་སྔོ་ཚལ་འདེབས་འཛུགས་དང་ཡུལ་ལྗོངས་མཛེས་བཟོ་མཉམ་འདྲེས་ཐུབ་པ་བྱས་ཡོད། ཡུལ་ཚོ་སྲིད་གཞུང་གི་ར་སྐོར་ནང་གི་མཛེས་ལྗོངས་ཇུས་འགོད་ཞིབ་ཚགས་བྱས་ཏེ།ལྗང་འཛུགས་སྡེབ་སྒྲིག་དང་མེ་ཏོག་གིས་མཛེས་རྒྱན་སྤྲས་ནས་སྐྱེ་ཁམས་སྡོད་འཚམ་གྱི་གཞུང་དོན་སྒྲུབ་པའི་རྣམ་པ་བསྐྲུན་ཡོད། གཞུང་ལམ་གཙོ་བོའི་རྒྱུད་དུ་ཚན་རིག་དང་མཐུན་པའི་སྒོ་ནས་སྡོང་ཕྲུག་འདེབས་འཛུགས་བྱས་ཏེ་ཕྲེང་བསྟར་བསྒྲིགས་པའི་གེགས་མེད་ཁྱམས་ལམ་བསྐྲུན་ཡོད། དེ་དང་ཆབས་ཅིག་ལམ་སྒྲོན་རྒྱུག་པར་དམར་མདངས་བཀྲ་བའི་རྒྱལ་དར་དང་སྲོལ་བརྗེ་ལུགས་སྒྱུར་གྱི་དྲིལ་བསྒྲགས་སྦྱར་ཡིག་བཀལ་ནས་ཏང་འཛུགས་སྐྱོང་དང་སྐྱེ་ཁམས།རིག་གནས་བཅས་ཕན་ཚུན་བརྒྱན་ཏེ་ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་རྣམ་པ་དང་མཚོན་བྱེད་མཐོར་འདེགས་བཏང་ཡོད།