ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱ་བའི་བཀོད་གཏོང་ཚོགས་འདུ་འཚོགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱ་བའི་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་ཁུལ་ཡོངས་ཀྱི་ཟླ1པོ་ནས་ཟླ8པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དང་ཚོང་འགུགས་མ་འདྲེན་བྱ་བ་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། མིག་སྔའི་ཁུལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ནས་ལོ་མཇུག་གི་དཔལ་འབྱོར་བྱ་བ་ལེགས་པར་བསྒྲུབ་རྒྱུར་བཀོད་སྒྲིག་ཞིབ་ཕྲ་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ལོ་མགོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་གིས་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཁོར་སྐྱོད་བཀོད་གཏོང་དང་ལས་གཞི་འཛུགས་སྐྲུན། ཚོང་འགུག་མ་འདྲེན་བཅས་དམ་འཛིན་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་ཁྲོད་གོང་འཕེལ་ཡོང་བ་དང་འཕེལ་ཁྲོད་ཇེ་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད་མོད། འོན་ཀྱང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པར་གནོན་ཤུགས་མངོན་གསལ་དོད་པོ་ཡོད་པ་དང་ནོར་སྲིད་ཡོང་སྒོ་སྔོན་དཔག་ལས་ཞན་པ། འཛད་སྤྱོད་འཕར་བའི་གོམ་སྟབས་དལ་བ་སོགས་ཀྱི་ཞན་ཆའི་གནད་དོན་ཡང་གནས་ཡོད་པས་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་ཚད་ལེགས་འགྲུབ་བྱེད་པར་སྔར་བཞིན་གནོན་ཤུགས་ཧ་ཅང་ཆེན་པོ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་པོར་འཕྲད་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔའི་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་ཤ་བཅད་དེ་ནུས་ཤུགས་ཡོད་རྒུས་གསོག་ཚད་བརྟན་པོ་དང་ཚད་གཞི་མང་གཏོང་། སྤུས་ཚད་མཐོར་གཏོང་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་ཁྲོད་གོང་འཕེལ་གཏོང་བ་དང་སྤུས་འབྲས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་ལས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་མདའ་བཞི་རྫོང་ཙི་ཐེན་ཧུང་ལྗང་མདོག་རིག་ནུས་རྩིས་རྒྱག་ལྟེ་གནས་འཛུགས་སྐྲུན་ལས་གཞི་དང་གཞུང་ལམ་བསྐྱར་བསྐྲུན་རྒྱ་སྐྱེད་སོགས་གཙོ་གནད་བཟོ་སྐྲུན་དམ་འཛིན་བྱས་ཏེ་རང་འགུལ་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་པ་དང་དམིགས་སའི་རང་བཞིན་གྱི་རྒྱུ་རྐྱེན་གཙོ་བོའི་དཀའ་གནད་ཐག་གཅོད་བྱས་ནས་བཟོ་སྐྲུན་སོ་སོ་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མགོ་ཁྲིད་ལས་བྱེད་པས་ཁེ་ལས་དང་ལས་གཞིར་སྦྲེལ་བའི་བྱ་བའི་ལམ་སྲོལ་ནན་ཏན་དོན་འཁྱོལ་བྱེད་པ། ཁེ་ལས་ལ་ཕན་པའི་དཀའ་སེལ་གྱི་རིམ་པ་སོ་སོའི་སྲིད་ཇུས་རིགས་སོ་སོ་བེད་སྤྱོད་གང་ལེགས་བྱས་ཏེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་པ43ལ་གཙོ་གནད་ཐོག་རོགས་སྐྱོར་དང་བཀོད་གཏོང་དམ་འཛིན་བྱས་ནས། ཧུར་བརྩོན་རང་འགུལ་གྱི་སྤུས་ལེགས་ཞབས་ཞུས་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ཡིད་ཆེས་ཁྱོན་ཡོངས་ནས་འཕེལ་བར་བྱེད་དགོས། འཛད་སྤྱོད་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་།འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་ཁེ་སྤོགས་གང་ལེགས་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་གནད་ལ་འཁེལ་བའི་སྒོ་ནས་སྤེལ་བ། ཞག་སྡོད་དང་བཟའ་བཏུང་། རིག་གནས་ཡུལ་སྐོར་སོགས་ཞབས་ཞུའི་འཛད་སྤྱོད་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་གཙོ་གནད་ཐོག་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔར་བས་སྔོག་འདོན་དང་འདོན་སྤེལ་བྱེད་དགོས། མཛོད་འཇུག་བྱ་བ་གཅིག་གྱུར་འཆར་འགོད་དམ་འཛིན་བྱས་ཏེ་གོང་རིམ་དང་འབྲེལ་མཐུད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ཁེ་ལས་འཁོར་སྐྱོད་དང་ཁྱབ་ཁོངས་སོ་སོའི་ལས་གཞི་ལ་མ་འཇོག་སོགས་ཀྱི་འཕེལ་རིམ་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། སྒྲིག་གཞིའི་བཟོ་ལས་དང་ཚོང་དོན་ཁེ་ལས། གློག་རྡུལ་ཚོང་དོན་ལས་སྟེགས་སོགས་ཀྱི་གཙོ་གནད་འབུར་དུ་བཏོན་ནས་གཅིག་གྱུར་བྱེད་དགོས་པ་ཚང་མ་གཅིག་གྱུར་དང་འབྲུ་རྡོག་མཛོད་དུ་བསྡུ་བར་བྱེད་དགོས། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིད་སྟོན། མ་འཇོག་གི་ཁ་ཕྱོགས་དམ་འཛིན་བྱས་ཏེ་མཚོ་བྱང་གི་ལེགས་ཆ་དེ་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལས་གཞིའི་གྲབས་གསོག་མཛོད་སྔར་བས་ཇེ་ལེགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་སྲིད་ཇུས་དང་མ་རྩ། ལས་གཞི་བཅས་བརྩོན་ལེན་བྱས་ཏེ་མཚོ་བྱང་འཕེལ་རྒྱས་ལ་སྒུལ་ཤུགས་སྔར་ལས་མང་པོ་སྩོལ་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་བཏང་ནས་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་འབད་བརྩོན་ཆེན་པོས་འགྲུབ་དགོས། འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་དམིགས་ཚད་གཙོ་བོ་དང་གཙོ་གནད་ལས་རིགས་ཁེ་ལས་ཀྱི་འཁོར་སྐྱོད་བཀོད་གཏོང་དང་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་འདོན་པའི་ཁ་ཕྱོགས་ཡང་དག་འཚོལ་བ། གནད་ལ་འཁེལ་བའི་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལེགས་ཆ་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཞན་ཆ་དང་མི་འདང་ས་ཁ་གསབ་བྱེད་པ། འཕར་བའི་མི་མངོན་པའི་ནུས་པ་སྔོག་འདོན་བཅས་བྱེད་དགོས། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ“མི་འདང་བའི་རྩིས་དང་འཕར་སྣོན་གྱི་རྩིས། འདེགས་སྐྱོར་གྱི་རྩིས”སོགས་གསལ་པོ་བྱས་ཏེ་གཙོ་གནད་བཟོ་སྐྲུན་དང་ལས་གཞི་གལ་ཆེན་འཛུགས་སྐྲུན་མུ་མཐུད་དུ་ཇེ་མགྱོགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་ལས་གཞིར་མ་འཇོག་དང་ཚོང་འགུག་མ་འདྲེན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱ་བར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོན་པོའི་སྒོ་ནས་སང་ལོའི་བྱ་བ་དང“ལྔ་བཅོ་ལྔའི”སྒྲིག་འགོད་བྱ་བ་འཆར་འགོད་ཡག་པོ་བྱེད་པ་དང་། སྔ་ཙམ་འདོན་ཐུབ་པའི་སྲིད་ཇུས་དང་བཀོད་སྒྲིག་བྱ་བ། དོན་སྨིན་ཡོང་བའི་ལས་གཞི་བཅས་ལ་སྔ་མོ་ནས་འཆར་གཞི་དང་བཀོད་སྒྲིག་གང་ལེགས་བྱས་ཏེ་གོམ་སྟབས་རྗེས་མའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་སྔར་བས་སྲ་བརྟན་དུ་གཏོང་དགོས་ཟེར།
