གསར་འགྱུར་གལ་ཆེན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་ཕྱོགས་སྡོམ་ཚོགས་འདུ་ཚེས17ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དྲན་གསོའི་བྱེད་སྒོ་གྲ་སྒྲིག་ལས་དོན་གྱི་ཕྱོགས་ཁག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ལ། དེ་དང་མཉམ་དུ་ཁོང་ཚོར་ཐུགས་རྗེ་ཆེ་དང་འཚམས་འདྲི་ཞུས་པ་དང་འབྲེལ། ཁོང་ཚོའི་དཀའ་སྤྱད་འབད་བརྩོན་དང་ཕུལ་བྱུང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཚང་མར་འབད་འབུངས་ཡར་བརྩོན་དང་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས་པའི་ལྕག་སྐུལ་ཡང་གནང་།
➤ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ76འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་ཁྲང་ཨན་ཁྲོམ་གཞུང་རྒྱུད་ཀྱི་མེ་ཏོག་བཀོད་སྒྲིག་ཇུས་གཞི་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ཡོངས་ཀྱི་བཀོད་སྒྲིག་དེ་ཟླ9པའི་ཚེས25ཉིན་སྟོན་རྒྱུ་རེད།
➤“ལྔ་བཅུ་བཞིའི”ཚུན་ཀྲུང་དབྱང་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་ལོ་རེར་ཆ་སྙོམས6.5%འཕར་ནས། ལོ་གསུམ་བསྟུད་མར་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་བ་དང་། ན་ནིང་སྒོར་དུང་ཕྱུར་ཁྲི1.1ལ་སླེབས་ཡོད།
➤གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བརྒྱད་པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི1.24ཡིན་པ་དེ་དུས་མཚུངས་ལས2%འཕར་ནས་འཕར་ཚད་རྒྱུན་མཐུད་བྱུང་ཡོད།
➤ཚེས17ཉིན། བཟོ་འཕྲིན་པུས《རིག་ནུས་དྲ་སྦྲེལ་རླངས་འཁོར་མཉམ་སྒྲིག་ཁ་ལོ་བའི་རམ་འདེགས་མ་ལག་གི་བདེ་འཇགས་བླང་བྱའི》བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས།
➤རྒྱལ་ཁབ་རིག་དངོས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་དབྱར་གསེང་རིང་རྒྱལ་ཡོངས་རྟེན་མཛོད་ཁང་གིས་ལྟད་མོ་བ་མི་ཐེངས་དུང་ཕྱུར3.04ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས2.6%འཕར་ཡོད།
➤ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་རླངས་འཁོར་འཁོར་རྒྱུག་དང་སྨན་རྫས་འཁོར་རྒྱུག་སོགས་ལས་རིགས་ཚད་ལྡན་ཅན་གྱི་ལག་རྩལ་ཨུ་ཡོན་ལྷན་ཁང་ལྔ་འཛུགས་རྒྱུའི་གཏན་འབེབས་བྱས།
➤རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཉིན་ཤས་གོང་བརྡ་ཐོ་བཏང་ནས། ཆ་རྐྱེན་འཛོམས་པའི་ཕྱི་རྒྱལ་གྱི་མི་སྣས་རྒྱལ་ནང་དུ་ཁང་པ་ཉོ་རྒྱུར་དངུལ་སྤྲོད་ཀྱི་སྟབས་བདེ་བསྐྲུན་རྒྱུ་ཁ་གསལ་བཏོན་ཡོད།
➤ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས22པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཚེས17ཉིན་ཀོང་ཞི་ནན་ཉིང་དུ་མགོ་བརྩམས།
➤འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་སྤྱི་བསྒྲགས་གསར་ཤོས་སྤེལ་ནས་སའི་གོ་ལའི་དཀུ་དབྱང་བང་རིམ་སླར་གསོ་བྱེད་བཞིན་ཡོད་པ་དང་། 2024ལོའི་དཀུ་དབྱང་བང་རིམ་གྱི་སྟོང་ཆ་དེ་ཉེ་བའི་ལོ་ཤས་རིང་ལས་ཆུང་བ་ཡོད་ཅེས་བསྟན་ཡོད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་ནས། ཚེས17ཉིན་གྱི་ཆུ་ཚོད20ནས་ཚེས18ཉིན་གྱི་ཆུ་ཚོད20བར། མཚོ་སྔོན་གྱི་ཤར་རྒྱུད་དང་བོད་ལྗོངས་ཀྱི་བྱང་རྒྱུད། ཀན་སུའུ་ཡི་རྨ་ནུབ་བཅས་ལ་རིམ་པ5ནས6བར་གྱི་རླུང་འཚུབ་གཡུག་པ་དང་། ཐོལ་རླུང་རིམ་པ7ནས8བར་ལ་སླེབས་རྒྱུ་རེད།
➤ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར32སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས6.7%འཕར་ནས། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
➤ཀྲུང་གོ་རྐང་འཁོར་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་གྱི་རྐང་འཁོར་སྤྱི་ཚོགས་ཐོག་གྲངས་འབོར་དུང་ཕྱུར2ལས་བརྒལ་བ་དང་། གློག་སྒུལ་རྐང་འཁོར་སྤྱི་ཚོགས་ཐོག་གྲངས་འབོར་ཕལ་ཆེར་དུང་ཕྱུར3.8ཡོད།
➤པེ་ཅིང་སློབ་ཆེན་ཏང་ཨུའི་རྒྱུན་ཨུ་དང་སློབ་སྤྱི་གཞོན་པ་རེན་ཡུས་ཀྲུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
➤ཟླ་བརྒྱད་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་མངའ་ཁོངས་ནས་བྲལ་བའི་ཁྲལ་སློག་ཚོང་ཁང་ཁྲི་གཅིག་ལས་བརྒལ་བ་དེ2024ལོའི་ལོ་མཇུག་གི་ལྡབ་གསུམ་ཡིན་པ་རེད།
➤ཉེ་ཆར་མིའི་རིགས་ཀྱིས་ཐེངས་དང་པོར་མཐོང་བའི་ནག་ཁུང་སྟེ། བུ་མོའི་ཁྱིམM87སྐར་རྒྱུད་ལྟེ་གནས་སུ་གནས་པའི་སྤུས་ཚད་ཚད་བརྒལ་གྱི་ནག་དོང་ཆེན་པོའི“ཐོབ་ཐང་པར་རིས”གསར་ཤོས་ཡོངས་བསྒྲགས་བྱས་པ་རེད།
➤གློག་བརྙན《731》ཉིན་དང་པོ(ཚེས18ཉིན)སྤ་སེ་འཚོང་ཚད་སྒོར་དུང་ཕྱུར1ལས་བརྒལ་བ་དེ་ནི་ད་ལོའི་དཔྱིད་གསར་དུས་ཆེན་གྱི་ཡིག་ཚགས་རྗེས་ཀྱི་ཉིན་དང་པོར་སྤ་སེ་འཚོང་ཚད་དུང་ཕྱུར་ལས་བརྒལ་བའི་གློག་བརྙན་ཐོག་མ་དེ་ཡིན་པ་རེད།
➤ཚེས17ཉིན། རང་རྒྱལ་གྱིས་མཚོ་ཆུ་འཁོར་རྒྱུག་གྲང་བཟོའི་ལག་རྩལ་ཐེངས་གཉིས་པ་སྤྱད་པའི་ཀོང་ཏུང་ལེན་ཅང་ཉིང་རྡུལ་གློག་གི་རྣམ་གྲངས་ཐོག་མ་དེ་ཚད་བརྒལ་མཐོ་ཚད་ཀྱི་མཚོ་ཆུ་གྲང་མོ་ལྕོག་ཁང་སྒྲིག་གཞི་གཙོ་བོའི་ཨར་ལས་བདེ་བླག་ངང་ལེགས་གྲུབ་བྱུང་ནས། ཁྱོན་ཡོངས་ནས་སྒྲིག་ཆས་སྒྲིག་སྦྱོར་དང་མ་ལག་སྙོམས་སྒྲིག་བྱེད་པའི་དུས་མཚམས་སུ་སླེབས་ཡོད།
➤ལེན་ཡུན་གྲུ་ཁའི་མཚོ་དོན་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པའི་ཚེས18ཉིན་གྱི་ཆུ་ཚོད10པ་ནས་ཆུ་ཚོད14པའི་བར། ཧོང་ཧའེ་ལྷོ་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ལ་མེ་མདའ་དངོས་སྤྱོད་པས་བསྐྱོད་མི་ཆོག

➤ཉེ་ཆར། ཀྲེ་ཅང་ཚི་ཞིའི་བུད་མེད་ཅིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་ན། མི་དམངས་ཉེན་རྟོག་པ་ཡུས་ཐའོ་དང་ཚེན་ལི་ཞའོ་གཉིས་ཆུ་བོའི་ནང་དུ་མཆོངས་ནས། བུད་མེད་དེ་བསྐྱབས།
སྲིད་ཇུས།
➤པེ་ཅིང་གིས་འདུས་འདྲིལ་གཅོང་ནད་འགོག་བཅོས་འཆར་འགོད་དཔར་འགྲེམ་བྱས་ནས་སློབ་གྲྭའི་སློབ་མ་གསར་པ་སློབ་ཞུགས་དང་། དགེ་བཟོ་པ་ལས་ཞུགས་བྱེད་པ། ལོ་འཁོར་གྱི་རྒྱུན་གཏན་གྱི་འདུས་འདྲིལ་ནད་གྲལ་བཤེར་ལམ་ལུགས་དོན་འཁྱོལ་བྱས་ཏེ། རིམས་ནད་ཐོན་མང་བའི་ས་ཁུལ་གྱི་སློབ་མར་ལོ་རེར་ཉུང་མཐར་ཡང་བྲང་ཁོགXབརྟག་དཔྱད་ཐེངས་རེ་བྱེད་དགོས།
➤ཧྲང་ཧའེ་ཡིས་གཏན་འབེབས་བཏོན་དོན། ཁེ་ལས་བདག་པོའམ་ཡང་ན་ཁང་པ་སྤྱོད་མཁན་གྱི་འོད་ལེན་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་ཤིང་སྡོང་གཏན་འབེབས་བྱས་པའི་གོ་རིམ་ལྟར་ཡལ་ག་འབྲེག་པའམ་ཡང་ན་གནས་སྤོ་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད།
➤ཅི་ལིན་གྱིས་བརྡ་ཐོ་བཏང་ནས། དགོས་མཁོ་ལྟར་ཆོག་འཐུས་ཆ་རྐྱེན་དང་མཐུན་པའི་གནས་སྐོར་རླངས་འཁོར་ཆུང་གྲས་ཅན་དང་སྤུས་ཚད་མཐོ་བ་གཏོང་རྒྱུར་སྐུལ་མ་བཏང་ནས། ཚོགས་པ་ཆུང་ངུའི་གནས་སྐོར་ཉུང་ངུ་དང་འགྲོ་འོང་བྱེད་མང་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་རྒྱུ་རེད།
དེ་རིང་གི་གནམ་གཤིས།
➤ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ཧྭ་བྱང་ལྷོ་རྒྱུད། ཧོང་ཧོའེ་ཡི་ནུབ་རྒྱུད། ཅང་ཧན་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཧྲའན་ཞིའི་དབུས་ལྷོ་རྒྱུད་དང་ཧོ་ནན་ནུབ་རྒྱུད། སི་ཁྲོན་གཤོང་སའི་དབུས་ཤར་རྒྱུད། ཁྲུང་ཆིང་ནུབ་རྒྱུད། ཡུན་ནན་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།