ཚའོ་ལི་ཧའེ་གཉའ་ཞོལ་མ་སྡེ་བའི་དབུལ་ཐར་ཁྱིམ་ཚང་དང་སྡེ་བའི་ཐུན་མོང་མཉམ་ལས་ཁང་དུ་འཚམས་འདྲིར་བསྐྱོད།
发布时间:2025年09月29日
消息来源:
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9བའི་ཚེས25ཉིན། མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་ལག་བསྟར་དང་།གཏིང་ཟབ་སྒོས་མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པར་སྐུལ་འདེད།གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་དང་སྲིད་གཞུང་གིས་ཁས་ལེན་བྱས་པའི་དམངས་ཚིས་དོན་དག་ཁག9དོན་འཁྱོལ་བྱས་ཏེ་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་ཆེད།རྒྱལ་ཁབ་ནུས་ཁུངས་ཚོགས་པའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཚའོ་ལི་ཧའེ་དཔལ་དགེ་གྲོང་རྡལ་གཉའ་ཞོལ་མ་སྡེ་བར་ཟབ་ཞུགས་བྱས་ཏེ་དབུལ་ཐར་ཁྱིམ་ཚང་དང་སྡེ་བའི་ཐུན་མོང་མཉམ་ལས་ཁང་ལ་འཚམས་འདྲི་བྱས་པ་དང་།དབུལ་ཐར་ཁྱིམ་ཚང་ལ་འཚམས་འདྲིའི་དངོས་པོ་ཁྱེར་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་གནང་བ་རེད།
ཚའོ་ལི་ཧའེ་འཁོར་དང་བཅས་པ་དཔལ་དགེ་གྲོང་རྡལ་གཉའ་ཞོལ་མ་སྡེ་བའི་དབུལ་ཐར་ཁྱིམ་རིན་ཆེན་དང་ཚེ་ལོའི་ཁྱིམ་དུ་བསྐྱོད་པ་དང་། ཚའོ་ལི་ཧའེ་ཡིས་ཁོང་ཚོའི་ལུས་པོ་དང་འཚོ་བའི་གནས་ཚུལ། དེ་བཞིན་ལས་ཞུགས་བྱེད་སྟངས། ཡོང་འབབ་ཆུ་ཚད་བཅས་ལ་འདྲི་རྩད་ཞིབ་ཕྲ་བྱས་པར་མ་ཟད། ཁོང་ཚོའི་ཁྱིམ་གྱི་ནོར་ལུག་གསོ་སྤེལ་དང་ལོ་རེའི་ཕྱིར་འཚོང་གནས་ཚུལ་ལ་འདྲི་རྩད་ཞིབ་ཕྲ་བྱས། ཆབས་ཅིག་ཏུ་ཁོང་ཚོར་འབྲས་དང་བྱེ་བཟའ་སྣུམ་སོགས་འཚམས་འདྲིའི་དངོས་པོ་ཁྱེར་ཡོད། ཚའོ་ལི་ཧའེ་ཡིས་བསྟན་དོན། སྡེ་ཁག་རིམ་པ་སོ་སོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་བདེ་ཐང་སེམས་ལ་འཛིན་དགོས་པ་དང་། རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུར་ཤུགས་སྣོན་དགོས། དེ་དང་ཆབས་ཅིག ཚའོ་ལི་ཧའེ་ཡིས་དབུལ་ཐར་ཁྱིམ་ཚང་གཉིས་ཀྱིས་སྲིད་ཇུས་ལས་བྱུང་བའི་ཕན་བདེ་བེད་སྤྱོད་ཡག་པོ་བྱས་ནས་ཁྱིམ་ཚང་གི་ནོར་ལུག་གསོ་སྤེལ་སྔར་བས་འཕེལ་རྒྱས་ཡག་པོ་བཏང་སྟེ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འབད་བརྩོན་བྱས་ཏེ་ཕྱུག་པོར་འགྱུར་བའི་སྐུལ་ལྕག་བྱས།
དེ་མུར་ཚའོ་ལི་ཧའེ་གཉའ་ཞོལ་མ་སྡེ་བའི་ཐུན་མོང་མཉམ་ལས་ཁང་གཉིས་སུ་བཅར་འདྲི་བརྟག་དཔྱད་བྱས་ནས་སྡེ་བའི་ཐུན་མོང་མཉམ་ལས་ཁང་གཉིས་ཀྱི་ལས་གཉེར་གཞི་ཁྱོན་དང་། ལས་གཉེར་མ་རྩ། དེ་བཞིན་ཡོང་འབབ་གནས་ཚུལ་བཅས་སོ་སོར་ཤེས་རྟོགས་བྱས་པ་མ་ཟད། མཉམ་ལས་ཁང་དུ་སྡེ་དམངས་ཀྱིས་མ་རྐང་འཇོག་སྟངས་བརྒྱུད་དེ་ཕྱོགས་གཅིག་ནས་སྡེ་མིའི་ཁེ་ཕོགས་ཡོང་འབབ་དང་ཕྱོགས་གཞན་ཞིག་ནས་སྡེ་དམངས་ཀྱི་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་བཏང་རྗེས་ཕྱི་རུ་ལས་སྒྲུབ་བྱས་ཏེ་ཡོང་འབབ་མང་དུ་གཏོང་ཐུབ་པ་ཤེས་རྟོགས་བྱུང་། ཚའོ་ལི་ཧའེ་ཡིས་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐབས་ཇུས་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ། བགྲོད་ལམ་འགྲིམ་འགྲུལ་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། སྡེ་བའི་ཐུན་མོང་མཉམ་ལས་ཁང་གིས་ཕྱིར་ཚོང་ཐབས་ལམ་རྒྱ་བསྐྱེད་པར་རོགས་རམ་བྱས་ཏེ་གཉའ་ཞོལ་མ་སྡེ་བའི་སྤུས་ལེགས་སྐམས་ལུག་གི་ཤ་ཕྱིར་འཚོང་བྱེད་པར་སྔར་ལས་རྒྱ་བསྐྱེད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་སྡེ་དམངས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་མང་པོར་སྔར་བས་ཕན་པ་ཐོབ་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཐེངས་འདིར་འཚམས་འདྲིར་བསྐྱོད་པའི་བྱ་འགུལ་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངོས་པོའི་ཐད་རོགས་རམ་བྱས་པར་མ་ཟད།གཉའ་ཞོལ་མ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ནས་རྒྱལ་ཁབ་ནུས་ཁུངས་ཚོགས་པའི་གཅེས་སྐྱོང་དང་དྲོད་ཁོལ་མངོན་པར་བྱས་པ་དང་།ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་བས་མཚོན་ཡོད་དང་།གཉའ་ཞོལ་མ་སྡེ་བའི་མང་ཚོགས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལས་རང་ཉིད་ཀྱི་བདེ་སྐྱིད་འབད་འཐབ་བྱེད་པར་རྟིང་སྐུལ་ཕན་ནུས་ལྡན་པ་བྱུང་ཡོད།