མཚོ་སྔོན་ཞིང་ཆེན་གྱི2025ལོའི་དགུ་པའི་ཚེས་དགུ་དུས་ཆེན་གྱི“ཡང་བསྐྱར་སྨོན་ལམ་མཐོན་པོར་འཛེག སླར་ཡང་དམག་དཔོན་གདུང་ལ་བསྐྱོད”ཅེས་པའི་རྐང་བགྲོད་རི་འཛེག་བྱེད་སྒོ་སྤེལ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ10པའི་ཚེས29ཉིན་ཏེ། 2025ལོའི་དགུ་པའི་ཚེས་དགུ་དུས་ཆེན་གྱི་ཉིན་མོར་མཚོ་སྔོན་ཞིང་ཆེན་གྱི2025ལོའི་དགུ་པའི་ཚེས་དགུ་དུས་ཆེན་གྱི“ཡང་བསྐྱར་སྨོན་ལམ་མཐོན་པོར་འཛེག སླར་ཡང་དམག་དཔོན་གདུང་ལ་བསྐྱོད”ཅེས་པའི་རྐང་བགྲོད་རི་འཛེག་བྱེད་སྒོ་མདའ་བཞི་རྫོང་སྨོན་ལམ་མཐོན་པོ་ནས་སྤེལ་མགོ་བརྩམས་ལ། ཞིང་ཆེན་དང་ཁུལ་ནས་ཡོང་བའི་རྐང་བགྲོད་ལ་དགའ་མཁན300ལྷག་དང་ཁུལ་ཡོངས་ཀྱི་རྒན་པའི་འཐུས་མི་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པའི་འཐུས་མི70མཚོ་སྔོན་པོའི་འགྲམ་དུ་མཉམ་འཛོམས་བྱས་ཏེ་མཐོ་འཛེག་རྒྱང་ལྟ་བྱེད་པའི་སྲོལ་རྒྱུན་གྱི་གོམས་སྲོལ་ལ་བརྟེན་ནས་དགུ་པའི་ཚེས་དགུ་དུས་ཆེན་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུ་བ་དང་མཚོ་བྱང་གི་མཛེས་ལྗོངས་ལ་ཐུན་མོང་ཐོག་རོལ་མྱོང་བྱས།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན། ཞིང་ཆེན་ལུས་རྩལ་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀུའོ་ཆོན་ཚེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན། ཁུལ་དཔོན་གཞོན་པ་མ་རུའུ་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཏེ་བཅས་ཚོགས་འདུར་ཞུགས། མ་རུའུ་ཞང་གིས་ཤིས་ཚིག་ཕུལ་ལ། ལའེ་མིན་གྱིས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

བྱེད་སྒོ་མགོ་རྩོམ་སྐབས། ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཚོས་སྤྲོ་སེམས་འཁོལ་བའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། གླུ་དང་གར་ལ་བརྟེན་ནས་རྒན་པ་རྣམས་ལ་མཛེས་སྡུག་ལྡན་པའི་སྨོན་འདུན་ཕུལ་བར་མ་ཟད་ཚང་མས་དགའ་བསུ་བླ་ལྷག་ཐོབ། འཁྲབ་སྟོན་མཇུག་སྒྲིལ་རྗེས། བྱེད་སྒོར་ཞུགས་པའི་མགོ་ཁྲིད་རྣམས་ཀྱིས་རྒན་པའི་འཐུས་མི་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པའི་འཐུས་མི་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། རྒན་པ་རྣམས་ཀྱིས་ཚེ་མཇུག་སྐྱིད་པོར་རོལ་བ་དང་ཆབས་ཅིག་དྲུག་ཅུའི་དབུ་དཀར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་གི་རྒན་པའི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐབས་འདོན་ཇུས་འབུལ་བྱེད་པ་དང་སྔར་ལས་མང་བའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུའི་རེ་བ་བཏོན།


དེའི་རྗེས་སུ། རི་འཛེག་ལ་དགའ་མཁན་དང་རྒན་པའི་འཐུས་མི། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པའི་འཐུས་མི་བཅས་ལས་སྒྲུབ་མི་སྣའི་སྣེ་ཁྲིད་འོག་གོ་རིམ་ལྡན་པའི་སྒོ་ནས་སྨོན་ལམ་མཐོན་པོར་རྐང་བགྲོད་རི་འཛེག་བྱེད་པའི་བྱེད་སྒོ་སྤེལ། རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ་དང་བརྗིད་ཆགས་མཛེས་སྡུག་ལྡན་པའི་སྨོན་ལམ་མཐོན་པོའི་འདབས་སུ། ཚང་མར་གསོན་ཤུགས་ཀྱིས་ཁེངས་ཤིང་གོམ་སྟབས་ཡང་མོས་མཚོ་བྱང་གི་སྟོན་ལྗོངས་ལ་མྱོང་རོལ་བྱས་པ་དང་། འཚོ་བའི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གླེང་མོལ་བྱས་ཤིང་། དགོད་སྒྲའི་ཁྲོད་རང་བྱུང་ཁམས་ཀྱི་མཛེས་ལྗོངས་དང་སྤྲོ་སྣང་ལོངས་སྤྱོད་བྱས་ཏེ། དེང་རབས་རྒན་པ་རྣམས་ཀྱི་འཚོ་བ་སྐྱིད་པོ་ལོངས་སྤྱོད་དང་ཧུར་བརྩོན་ཡར་རྒྱས་ཀྱི་བསམ་པའི་རྣམ་པ་གང་ལེགས་སྒོས་མངོན་ཡོད།

དཔུང་ཁག་སྨོན་ལམ་མཐོན་པོའི་ལྗོངས་གཟིགས་སྟེགས་བུའི་ཐོག་སླེབས་སྐབས། སྙན་འཇེབས་ཀྱི་རོལ་དབྱངས་གྲགས་པ་དང་བསྟུན་ནས་མི་སྣ་ཡོངས་ཀྱིས་ལག་ཏུ་དར་དམར་ཆུང་ཆུང་བཟུང་སྟེ་མཉམ་དུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པ་བླངས། དྭངས་གསལ་གྱི་གླུ་སྒྲ་རི་ཀླུང་ཀུན་ལ་ཁྱབ་ཅིང་། ཚང་མས་གདོང་ལ་སྤོབས་པ་དང་འཛུམ་མདངས་ཀྱིས་ཁེངས་བཞིན་སྙན་འཇེབས་ཀྱི་གླུ་སྒྲའི་ཐོག་ནས་མེས་རྒྱལ་ལ་བརྩེ་་སེམས་ཟབ་མོ་མཚོན་པར་བྱས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྐང་བགྲོད་རི་འཛེག་བྱེད་སྒོ་ནི་མཚོ་བྱང་ཁུལ་གྱི“རྒན་པ་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ནས་རྒན་པ་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་པའི”རྒན་བཀུར་ཟླ་བའི་མུ་འབྲེལ་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད། ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་གྱིས“སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་ར་འཁོར་སྐྱོད་བྱེད་པའི”རྣམ་པའི་ཐོག་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། མེ་ལྷ་གངས་དཀར་རི་འཛེག་གངས་ཤུད་ནས་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྐང་བགྲོད་རི་འཛེག་འགྲན་སྡུར་བར་དང་། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་ནས་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་བར། རང་ས་གནས་ཀྱི་ལུས་རྩལ་ཆས་རྟགས་གསོ་སྐྱོང་བྱེད་པ་ནས་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་རིག་གནས་ལུས་རྩལ་འགྲན་སྡུར་འགན་སྒྲུབ་གནང་བའི་བར། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་སྔར་ལས་ཁ་གསལ་དུ་ཕྱིན་པ་དང“འགྲན་སྡུར་དང་མཉམ་དུ་ཡུལ་སྐོར་བྱེད་པ”དེ་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་རླབས་རྒྱུན་གསར་བ་ཞིག་ཏུ་གྱུར་ཡོད།