网站无障碍
ཞོགས་པའི་ཉི་ཟེར་དང་འདྲ་བའི་འོད་སྣང་།
发布时间:2025年12月10日 消息来源:

རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

“ཨ་ཁུ། ཁྱེད་ཀྱིས་མིག་དལ་མོར་ཕྱེས་དང་། ཨེ་རིག་གམ།”

“ཨ་ཙི། ཅི་འདྲའི་གསལ་བ་ལ། ཕྲ་མཐོང་ཤེལ་བསྐོན་པ་དང་འདྲ།”

ཟླ11པའི་ཚེས14ཉིན་གྱི་སྔ་དྲོ་ཆུ་ཚོད8པའི་སྟེང་། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་ཁྲའེ་ཁྲང་ཧྥེང་གིས་ཀྲང་ཀུའེ་ཆོན་གྱི་མིག་གཡས་ལ་བཀབ་པའི་སེང་རས་བླངས་པ་ན། ཀྲང་ཀུའེ་ཆོན་གྱིས་ཡུན་རིང་མ་མཐོང་བའི་སྣང་གསལ་འཇིག་རྟེན་དེའི་རྣམ་པར་སྤྲོ་སྣང་དང་བཅས་ཞིབ་ཏུ་བལྟས། ཁོའི་གམ་གྱི་ནད་གྲོགས་ལྔ་པོའི་གདོང་ལའང་འཛུམ་གྱིས་ཁེངས།

ལོ་ན་ལྔ་བཅུའི་ཡན་དུ་སོན་པའི་ནད་པ་དེ་དྲུག་པོ་ནི་སྐྱ་གྲིབ་ཀྱིས་མནར་གཅོད་ཁྲོད་ནས་ལོ་མང་ལུས་ཀྱང་། ཉིན་གསུམ་གྱི་སྔོན་དུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་པས་སྤེལ་བའི“ཅང་སུའུ་མཚོ་སྔོན་གཉིས་ཀྱི་རོགས་རེས་འོད་སྣང་མཉམ་སྐྱོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ལས་ཁོ་ཚོ་ངོ་ཤེས་སུ་གྱུར་པར་མ་ཟད། སྨན་ཁང་ལ་སྡོད་བཅོས་དང་ལུས་ཕུང་ལ་བརྟག་དཔྱད། གཤག་བཅོས་བྱེད་པ་བཅས་ཀྱི་གོ་རིམ་མཉམ་དུ་བརྒྱུད། སྐབས་འདིར། ཁོ་ཚོས་མཉམ་དུ་ཡུན་རིང་སྒུག་པའི“འོད་སྣང་ཤར་དུས”དེ་བསུས།

图片

མཐོ་སྒང་གི་ནད་ཁང་ལ་འཕྲོས་པའི་འོད་སྣང་དྲོན་མོ་དེ་ནི་དམ་བཅའ་བརྟན་པོ་ཞིག་གིས་མགོ་བརྩམས་པ་ཡིན། ད་ལོའི་ཟླ8པའི་ཟླ་མགོར། ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་ཐེངས་དྲུག་པའི་སྨན་པ་ཧང་ཧུའེ་མཚོ་སྔོན་མཐོ་སྒང་དུ་སླེབས་ཤིང་། གཟའ་འཁོར་རེའི་རེས་གཟའ་ཕུར་བུའི་ཉིན་དེ“སྐྱ་གྲིབ་གཤག་བཅོས་ཀྱི་ཉིན་མོར”གཏན་འཁེལ་བྱས། ཅང་སུའུ་དང་མཚོ་སྔོན་ས་གནས་གཉིས་ཀྱི་རོགས་རེས་མཉམ་ལས་བྱས་པ་ལ་བརྟེན་ནས། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་གིས་ཟླ9པའི་ཚེས15ཉིན“ཅང་སུའུ་མཚོ་སྔོན་གཉིས་ཀྱི་རོགས་རེས་འོད་སྣང་མཉམ་སྐྱོད”ཅེས་པའི་སྐྱ་གྲིབ་རིན་མེད་གསོ་བཅོས་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས་ཏེ། ལེ་བར་སྟོང་ཕྲག་གིས་བར་ཆོད་པའི་རོགས་སྐྱོར་དེ་ཡུན་རིང་ཀུན་ཕན་གྱི་སྨན་བཅོས་ལས་དོན་ཞིག་ཏུ་བསྒྱུར།

ད་ལྟ། སྤྱི་ཕན་འགུལ་སྐྱོད་འདིའི་ཤུགས་རྐྱེན་ནི་མཚོ་ལྷོ་ཁུལ་ལས་བརྒལ་ཏེ། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་གཞན་དག་གི་ནད་པ་མང་པོ་བཀུག་ཡོད་པས། མཚོ་སྔོན་དང་ཅང་སུའུ་གཉིས་ཀྱི་མཛའ་བརྩེ་ཟབ་མོའི་བདེན་དཔང་དུ་གྱུར་ཡོད།

དྲོད་ཁོལ་དང་ལྡན་པའི་རོགས་རེས་མཉམ་ལས་ནི་ཞིབ་ཚགས་ཀྱི་གསོ་བཅོས་གོ་རིམ་ཁྲོད་ནས་རྒྱུན་བསྲིངས། བརྟག་དཔྱད་ཁང་དུ། སྨན་པ་ཧང་ཧུའེ་ནི་ཁུ་སིམ་མེར་ལོགས་སུ་འགྲེང་སྟེ། སྨན་པ་ཀྲང་ཡོན་མིང་དང་ཁྲའེ་ཀྲང་ཧྥེང་གཉིས་ཀྱིས་ནད་པར་གཤག་བཅོས་རྗེས་ཀྱི་བརྟག་དཔྱད་བྱེད་ཞོར། སྨན་བསྟེན་པ་ལ་མཉམ་འཇོག་དགོས་ས་ཅི་ཡོད་བཤད་ཀྱིན་པར་བལྟས་འདུག ལས་གྲོགས་རྣམས་ཀྱི་ལས་ཀར་གོ་རིམ་དང་བྱང་ཆ་ལྡན་པ་མཐོང་བས། མོའི་མིག་ལ་ཡིད་ཚིམ་པའི་མདངས་ཤིག་འཁྱུག

“ང་ཚོས་གཤག་བཅོས་གཅིག་མང་དུ་གྲུབ་སྟེ། ས་གནས་ཀྱི་སྨན་པ་གཅིག་མང་དུ་བསྐྱངས་ན། འོད་སྣང་སྔར་ལས་མགྱོགས་པ་དང་སྔར་ལས་རིང་པོར་གནས་འདིར་འདྲེན་ཐུབ་པ་ཡིན་ལ། མང་ཚོགས་སྔར་ལས་མང་པོར་ཕན་འདོགས་ནུས།”ཧང་ཧུའེ་ཡིས་མཚོ་སྐྱོར་ཚོགས་པས་ཅང་སུའུ་ཡི་སྔོན་ཐོན་གྱི་སྐྱ་གྲིབ་གསོ་བཅོས་དང་དོ་དམ་བྱེད་ཐབས། ཚད་ལྡན་ཅན་གྱི་ཉམས་མྱོང་བཅས་མཚོ་ལྷོ་ཁུལ་ལ་འཁྱེར་ཡོང་ཡོད་པར་བརྗོད། “ལག་ལེན་དམར་ཁྲིད”ཀྱི་རྣམ་པ་དེ་ལས་ས་གནས་རང་གི་སྨན་པའི་ནུས་པར་མཐོར་འདེགས་ཆེན་པོ་བྱུང་། མིག་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ཀྲང་ཡོན་མིང་ནི་དེ་ལ་མྱོང་བ་ཤིན་ཏུ་ཟབ་མོ་ཡོད་དེ། ཁོས“ཟླ་གསུམ་གྱི་སྔོན་དུ། ང་ཚོ་དེང་རབས་ཀྱི་སྐྱ་གྲིབ་གཤག་བཅོས་བྱེད་ཚུལ་ལ་བྱང་ཆ་མེད་མོད། གཟའ་རེའི་ལག་ལེན་དང་སློབ་སྦྱོང་ལ་བརྟེན་ནས། ད་སྐབས་གཤག་བཅོས་ཀྱི་རྨང་གཞིའི་གོ་རིམ་རང་ཚུགས་ཀྱིས་འགྲུབ་པར་བྱེད་ཐུབ་པས། ཡར་སྐྱེད་ཤིན་ཏུ་ཆེ་བ་སྔོན་དཔག་ལས་བརྒལ་འདུག”ཟེར།

图片

སྔ་དྲོའི་ཆུ་ཚོད10པའི་སྟེང་། ནད་ཁང་ཕྱིའི་ཁྱམས་ནང་དུ། སྨན་ཁང་ལས་འབུད་པར་གྲ་སྒྲིག་བྱེད་བཞིན་པའི་བསོད་ནམས་རབ་བརྟན་གྱི་ཁྱིམ་མི་གཞི་ནས་སླེབས་བྱུང་། “གཤག་བཅོས་འདི་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་ངས་ཤེས་ཡོད་པས། སེམས་ཁུར་སྐྱེས་མ་བྱུང་།”ཁོས་ཁྱིམ་མི་དང་ལྷན་དུ་འགྲོ་ལུགས་བསྒྲུབས་ཚར་རྗེས། རྒྱབ་ཏུ་གྲལ་ཕྲེང་ཁྲོད་སྒུག་སྡོད་པའི་ཀྲང་ཀུའེ་ཆོན་ལ་གྱེས་བརྡ་བཏང་ཞིང་། ཁོ་གཉིས་ཀྱི་མིང་ཟུང་དུ་དགའ་སྣང་གི་འོད་མདངས་འཕྲོ།

སྐོར་དེའི་ནད་པ་རྣམས་སྨན་ཁང་ལས་བསྐྱལ་རྗེས། སྨན་པ་ཧང་ཧུའེ་དང་སྨན་བཅོས་ཚོགས་པ་མུ་མཐུད་དུ་ལས་ལ་བྲེལ་མགོ་བརྩམས། ཁོ་མོ་ཚོ་གཞུང་ལས་ཁང་དུ་ལོག་སྟེ། གཤག་བཅོས་བྱེད་རན་པའི་ནད་པའི་ནད་ཐོ་ལ་བལྟས་ཤིང་། གཤག་བཅོས་དང་འབྲེལ་བའི་གནད་དོན་ལ་དཔྱད་འཇོག་དང་བགྲོ་གླེང་བྱས། སྒེའུ་ཁུང་ཕྱིའི་ཉི་འོད་ཤིན་ཏུ་བཟང་ལ། གཞུང་ལས་ཁང་དུ་གཤག་བཅོས་ཀྱི་གོ་རིམ་དང་། ནད་པ་མང་པོའི་གཤག་བཅོས་བདེ་བླག་ཡོང་ཐབས་ཀྱི་བགྲོ་གླེང་མཚམས་མེད་དུ་སྤེལ་བཞིན་འདུག

འོད་སྣང་གི་འགྲུལ་བཞུད་དེའི་གོམ་མཚམས་ལ་ཆད་པ་མེད། གཟའ་འཁོར་རྗེས་མའི་རེས་གཟའ་ཕུར་བུ་ཉིན། སླར་ཡང་རེ་བ་གསར་པ་ཞིག་ལ་འོད་སྣང་སྤྲོ་ངེས། །