网站无障碍
ཕོ་བྲང་པོ་ཏ་ལ་ནས་འབུ་སྲིན་གྱི་རིགས་གསར་པ་ཞིག་རྙེད་འདུག
发布时间:2025年12月29日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། ཚན་རིག་ཞིབ་འཇུག་མི་སྣས་འཛམ་གླིང་གི་རིག་གནས་ཤུལ་བཞག་སྟེ། བོད་ལྗོངས་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཤིང་ཆའི་བཟོ་སྐྲུན་བཀོད་པའི་ཁྲོད་འབུ་སྲིན་གྱི་རིགས་གསར་པ་ཞིག་རྙེད་པ་དང་། འབྲེལ་ཡོད་ཀྱི་ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིའི་སྲོག་ཆགས་རིགས་དབྱེ་རིག་པའི་དུས་དེབ་ཐོག་བཀོད་པ་དེས། རང་རྒྱལ་གྱིས་གཤོག་ཁྲབ་ལྡན་པའི་འབུ་སྲིན་གྱི་སྣ་མང་རང་བཞིན་སྐོར་ཞིབ་འཇུག་དང་། ནང་སྒོས་སུ་རིག་གནས་ཤུལ་བཞག་ཁུལ་གྱི་སྐྱེ་དངོས་ཐོན་ཁུངས་ལ་བརྟག་དཔྱད་དང་མ་ལག་ལྡན་པའི་ངང་རིགས་དབྱེ་ཞིབ་འཇུག་བྱེད་པའི་ཐད་འཕེལ་རྒྱས་གསར་པ་ཐོབ་ཡོད་པ་མཚོན་ཡོད།

འབྲེལ་ཡོད་ཀྱི་ཞིབ་འཇུག་གྲུབ་འབྲས་ཁྱབ་བསྒྲགས་བྱས་པའི་པར་རིས།

ཞིབ་འཇུག་གྲུབ་འབྲས་དེ་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་མ་དངུལ་ཐད་རོགས་སྐྱོར་བྱས་པ་དང་། པེ་ཅིང་སློབ་ཆེན་གྱི་ཚེ་སྲོག་ཚན་རིག་སློབ་གླིང་། བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སོའོ། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་བཅས་ཀྱིས་གྲུབ་པའི་བོད་ལྗོངས་ཀྱི་གནའ་བོའི་བཟོ་སྐྲུན་བཀོད་པ་ཕོ་བྲང་པོ་ཏ་ལའི་ཤིང་ཆས་འབུ་འགོག་ལག་རྩལ་ཞིབ་འཇུག་རྣམ་གྲངས་ཚོ་ཆུང་གི་ཚན་ཞིབ་མི་སྣས་མཉམ་འབྲེལ་ཐོག་ལེགས་པར་གྲུབ་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་འཇུག་ཚོགས་པས་ཕོ་བྲང་པོ་ཏ་ལར་ཚན་རིག་རྟོག་ཞིབ་བྱེད་པའི་གོ་རིམ་ཁྲོད། གཤོག་ཁྲབ་ལྡན་པའི་འབུ་སྲིན་གྱི་མ་དཔེ་ཁག་ཅིག་འཚོལ་སྡུད་བྱས་ཡོད། མ་ལག་ལྡན་པའི་ངང་གཟུགས་གཞིའི་རིག་པའི་གཤིབ་བསྡུར་དང་གཤག་ལས་རིག་པའི་ལྟ་ཞིབ་བྱས་པ་མ་ཟད། དེང་རབས་ཀྱི་འདུས་རྡུལ་སྐྱེ་དངོས་རིག་པའི་བྱེད་ཐབས་ཏེDNAཨང་རྟགས་ཐིག་རིས་ལག་རྩལ་ཟུང་དུ་འབྲེལ་ནས་ཕྱོགས་བསྡུས་དབྱེ་ཞིབ་བྱས་མཐར། མ་དཔེ་འདི་དག་གིས་དེ་སྔོན་ཚན་རིག་གིས་ཐོ་བཀོད་མེད་པའི་ཁོངས་གཏོགས་གསར་པ་དང་འབུ་སྲིན་གསར་པའི་རིགས་ཤིག་ཡོད་པ་གཏན་འཁེལ་བྱས་ཐུབ་ཡོད། 

ཞིབ་འཇུག་རྣམ་གྲངས་ནང་ཞུགས་མཁན་ཞིག་ཡིན་པའི་ངོས་ནས་གཙོ་བོ་འབུ་སྲིན་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་། དངོས་རིགས་གསལ་འབྱེད་ཀྱི་ལས་ཀའི་སྒྲུབ་འགན་འཁུར་པའི་འབུམ་རམས་པ་ཀྲོའུ་ཞོན་གྱིས་གསར་འགོད་པར། ཁོངས་གཏོགས་གསར་པར་ལྷ་ས་ཤིང་འབིགས་Lhasellaཞེས་པའི་མིང་བཏགས་པ་དང་། དེའི་དཔེ་དབྱིབས་ཐོན་ཡུལ་ལྷ་ས་ཡིན་པས་རེད། སྐྱེ་དངོས་རིགས་གསར་པ་དེ་ལ་པོ་ཏ་ལ་ལྷ་ས་ཤིང་འབིགས་Lhasella་potala ཞེས་པའི་མིང་བཏགས་ཤིང་། སྐྱེ་དངོས་གསར་པའི་མིང་potalaཞེས་པ་ནི་ཕོ་བྲང་པོ་ཏ་ལ་ནས་ཡོང་བ་མཚོན་ཞིང་། འཛམ་གླིང་ཀུན་ཏུ་སྐད་གྲགས་ཆོད་པའི་རིག་གནས་ཤུལ་བཞག་འདིར་གུས་འདུད་ཞུ་ཆེད་རེད། དེ་མ་ཟད་ཚན་རིག་ཞིབ་འཇུག་ཚོགས་པས་སྐྱེ་དངོས་རིགས་འདི་ལ་པོ་ཏ་ལ་ལྷ་ས་ཤིང་འབིགས་ཞེས་བོད་ཡིག་ཐོག་ནས་མིང་བཏགས་པ་རེད།

པོ་ཏ་ལ་ལྷ་ས་ཤིང་འབིགས། a.ཕོ་རིགས་ཀྱི་མ་དཔེ་སྤྱིའི་རྒྱབ་ངོས། b.ཕོ་རིགས་ཀྱི་མ་དཔེ་སྤྱིའི་ཕོ་བའི་ངོས། c.ཕོ་རིགས་ཀྱི་སྐྱེ་འཕེལ་མ་ལག d.ཕོ་རིགས་ཀྱི་མགོ་བོའི་གཡས་ཕྱོགས། e.ཕོ་རིགས་ཀྱི་རྭ་ཅོ་གཡས་པ། f.མོ་རིགས་ཀྱི་གཡས་ཕྱོགས་རྭ་ཅོ། g.ཕུབ་ཆུང་། བསྡུར་ཚད་ཧའོ་སྨི་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། པོ་ཏ་ལ་ལྷ་ས་ཤིང་འབིགས་ཀྱི་གཟུགས་གཞི་ཅུང་ཆུང་ལ་ལུས་མདོག་དམར་སྨུག་ཡིན་པ་དང། གཟུགས་པོའི་རིང་ཚད་ལ་ཧའོ་སྨི་བཞི་ཚེག་བརྒྱད་ནས་དྲུག་ཚེག་དགུ་ཙམ་ཡོད་པ་རེད། དེ་གསལ་འབྱེད་བྱེད་པའི་ཁྱད་ཆོས་གལ་ཆེ་ཤོས་ནི་རྭ་ཅོ་གྲུབ་ཚུལ་ཡིན་པ་སྟེ། བསྡོམས་པས་རྭ་ཅོ་བཅུ་གཅིག་ཡོད་པ་དང་། རྭ་ཅོ་ལྔ་པ་དང་བདུན་པ་ཅུང་ཆེན་པོ་ཡིན་ལ། འབུར་དུ་ཐོན་པའི་སོག་ལེའི་སོ་དབྱིབས་ཡོད། དེ་ཡང་མཇུག་སྣེའི་རྭ་ཅོ་གསུམ་ནི་ཕྲ་ཞིང་རིང་ལ་དར་སྐུད་ཀྱི་རྣམ་པ་དང་འདྲ། དེ་ལྟ་བུའི་རྭ་ཅོ་ལྡན་པ་དེ་འབུ་སྲིན་འདིའི་རིགས་ཁོངས་གཏོགས་ཀྱི་གནོད་འབུ་ཚན་ཁག་ཁྲོད་ཤིན་ཏུ་མཐོང་དཀོན་པ་དང་། ཞིབ་འཇུག་ཚོགས་པས་རིགས་ཁོངས་གསར་པ་གཏན་འཁེལ་བྱེད་པའི་ཚན་རིག་གི་གཞི་འཛིན་ས་གལ་ཆེན་ཞིག་རེད། དེ་མིན་པར། སྐྱེ་དངོས་རིགས་འདིའི་ཁྲབ་ལེབ་ཆུང་ངུའི་ཐོག་ཁོངས་གཏོགས་སྐྱེ་དངོས་རིགས་མང་པོར་རྒྱུན་མཐོང་གི་ཚེག་བརྐོས་མེད་པས། ཁྱད་པར་རང་བཞིན་གྱི་ཁྱད་ཆོས་འདིས་ཀྱང་དབྱེ་འབྱེད་ཡང་དག་བྱེད་པར་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། 

འབུམ་རམས་པ་ཀྲོའུ་ཞོན་གྱིས། ད་ཡོད་ཀྱི་བརྟག་དཔྱད་གཞི་གྲངས་ལ་གཞིགས་ན། སྐྱེ་དངོས་རིགས་གསར་པ་དེ་ནི་གཙོ་བོར་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག དེ་བཞིན་ལྷ་སའི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་བཟོ་སྐྲུན་བཀོད་པ་ཁག་ཅིག་གི་ཤིང་ཆའི་ནང་ཁྱབ་ཡོད།  སྐྱེ་དངོས་རིགས་འདི་ལོ་གཅིག་ལ་རྒྱུད་སྤེལ་ཐེངས་ཤིག་བྱེད་ཅིང་། དེ་ནི་ཡོངས་སུ་རྣམ་པ་འགྱུར་བའི་འབུ་སྲིན་གྱི་ཁོངས་སུ་གཏོགས་ཤིང་དེའི་འབུ་ཕྲུག་ལ་ཆུང་དུས་ནས་ཤིང་ཆ་ཟ་བའི་གོམས་གཤིས་ཡོད། འབྲེལ་ཡོད་ཤེས་རྟོགས་བྱུང་བ་ཡིས་ང་ཚོས་ཕོ་བྲང་པོ་ཏ་ལ་སོགས་གནའ་བོའི་བཟོ་སྐྲུན་བཀོད་པའི་སྐྱེ་ཁམས་མ་ལག་གི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་བྱེད་ཚད་གཏིང་ཇེ་ཟབ་ཏུ་བཏང་བ་མ་ཟད། ད་རུང་ཕྱིན་ཆད་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་དངོས་ཀྱི་བསླད་སྐྱོན་ཉེན་ཁར་དཔྱད་དཔོག་དང་། ཤིང་ཆའི་རིག་གནས་ཤུལ་བཞག་ལ་སྐྱེ་དངོས་ཀྱི་གནོད་པ་མི་ཕོག་པའི་སྐོར་ཞིབ་འཇུག་བྱེད་པ་ལ་རྨང་གཞིའི་གཞི་གྲངས་དང་ཟུར་ལྟའི་དངོས་རིགས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་འགོ་འཛིན་གཞོན་པ་ཀུན་དགའ་བཀྲ་ཤིས་ཀྱིས། ཕོ་བྲང་པོ་ཏ་ལར་ཁོངས་གཏོགས་གསར་པའི་སྐྱེ་དངོས་རིགས་གསར་པ་ཤེས་རྟོགས་བྱུང་བར་དོན་སྙིང་གལ་ཆེན་ལྡན་ཏེ། ཚན་རིག་གི་ངོས་ནས་བཤད་ན། དེས་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་དང་ངོས་མ་ཟིན་པའི་འཕེལ་འགྱུར་ཐབས་ལམ་ར་སྤྲོད་བྱས་ཡོད། རིག་གནས་ཀྱི་ཐད་ནས་བཤད་ན། དེས་འཛམ་གླིང་གི་རིག་གནས་ཤུལ་བཞག་དེ་མི་ཆོས་རིག་གནས་དང་རང་བྱུང་ཁམས་མཉམ་གནས་བྱེད་པའི་མིག་དཔེ་བཟང་པོ་མཐོར་འདེགས་བཏང་ཡོད་པས། དེའི་རིན་ཐང་གི་ནང་དོན་རྒྱ་བསྐྱེད་བཏང་ཡོད། དེ་ཡང་སྲུང་སྐྱོང་གི་དོན་སྙིང་ཐད་ནས། གསར་རྙེད་དེས་རིག་དངོས་སྲུང་སྐྱོང་དང་སྣོད་བཅུད་སྲུང་སྐྱོང་དེ་མཐུན་སྦྱོར་མཉམ་སྤེལ་བྱས་ནས། འཛམ་གླིང་གི་ཤུལ་བཞག་ཁུལ་གྱི་དོ་དམ་ལ་མཐོང་སྣེ་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།

བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བས། སྐྱེ་དངོས་རིགས་འདི་དུས་ཡུན་རིང་པོར་དགོན་སྡེའི་གནའ་བོའི་བཟོ་སྐྲུན་བཀོདད་པའི་གྱི་ཤིང་ཆའི་ནང་འཚོ་སྡོད་བྱེད་ཡོད་མོད། འོན་ཀྱང་དེའི་ཁོངས་གཏོགས་གསལ་པོ་ད་ལྟའི་བར་གསལ་པོར་ཤེས་མེད། དེར་བརྟེན། ཞིབ་འཇུག་འདིས་སྐྱེ་དངོས་རིགས་དེར་གསལ་འབྱེད་གནད་ལ་འཁེལ་བ་བྱས་པ་བརྒྱུད། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འབྲེལ་བའི་སྐྱེ་དངོས་རིག་པའི་ཞིབ་འཇུག་དང་། དེ་མིན་ཚན་རིག་དང་མཐུན་པའི་དོ་དམ་ཐག་གཅོད་ལ་ཚན་རིག་གི་རྨང་གཞི་ངེས་ཅན་ཞིག་བཏིངས་ཡོད་ཅེས་བཤད་པ་རེད། 

པོ་ཏ་ལ་ལྷ་ས་ཤིང་འབིགས། a. མོ་རིགས་ཀྱི་སྤྱིའི་རྒྱབ་ངོས། b མོ་རིགས་ཀྱི་མ་དཔེ་སྤྱིའི་ཕོ་བའི་ངོས། c སྒོ་ང་གཏོང་ཆས། བསྡུར་ཚད་ཧའོ་སྨི་ཡིན།

ཀྲུང་གོ་ཚན་རིག་གླིང་གི་སྲོག་ཆགས་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་པའེ་མིང་གིས། ཕོ་བྲང་པོ་ཏ་ལ་ལྟ་བུའི་རིག་གནས་ཀྱི་རིན་ཐང་དང་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་ཐོབ་པའི་ས་ཆར་འབུ་སྲིན་གྱི་རིགས་གསར་པ་ཤེས་རྟོགས་བྱུང་བ་ལས། འཛམ་གླིང་ཐོག་སྔར་བཞིན་ད་དུང་ངོས་འཛིན་ཐུབ་མེད་པའི་སྐྱེ་དངོས་ལྐོག་གྱུར་གྱི་སྣ་མང་རང་བཞིན་འབོར་ཆེན་གནས་ཡོད་པ་ལེགས་པར་མཚོན་ཡོད་པས། ཕྱིན་ཆད་མ་ལག་ལྡན་པའི་ངང་བརྟག་དཔྱད་བྱས་ནས་ཕྱིར་འདོན་དགོས། གཞན་ཡང་གྲུབ་འབྲས་དེས་རང་རྒྱལ་གྱི་སྡོམ་རིགས་འབུ་སྲིན་གྱི་རིགས་དབྱེ་རིག་པའི་ཞིབ་འཇུག་ཕུན་སུམ་ཚོགས་པོར་བཏང་བར་མ་ཟད། གོ་ལ་ཧྲིལ་པོའི་རིགས་དེའི་སྐྱེ་དངོས་རིགས་ཀྱི་མིང་ཐོ་འཐུས་སྒོ་ཇེ་ཚང་དུ་གཏང་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ས་བབ་མཐོ་ལ་དབྱང་རླུང་དཀོན་པའི་ས་ཁུལ་གྱི་འབུ་སྲིན་འཕེལ་འགྱུར་གྱི་ལམ་སྲོལ་ཕན་ཚུན་འཚམ་པ་གསལ་སྟོན་བྱ་རྒྱུ་ལ་ཡང་རིགས་པའི་གཞུང་ལུགས་ཐད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། སྐྱེ་དངོས་རིགས་གསར་པའི་མ་དཔེ་དེ་སོ་སོར་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སོའོ་དང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ། དེ་མིན་ཀྲུང་གོ་ཚན་རིག་གླིང་གི་སྲོག་ཆགས་ཞིབ་འཇུག་སོའོ་བཅས་སུ་ཉར་ཚགས་བྱས་ནས་རྗེས་མཐུད་ཞིབ་འཇུག་དང་བེད་སྤྱོད་བྱ་རྒྱུར་མ་དཔེ་མཁོ་འདོན་བྱེད་ཆོག ཞིབ་འཇུག་ཚོགས་པས། མ་འོངས་པར་སྔར་ལས་ལྷག་པར་སྐྱེ་དངོས་རིགས་དེའི་སྐྱེ་དངོས་རིག་པའི་ཁྱད་ཆོས་དང་རིགས་ཚོགས་ཀྱི་འགུལ་རྣམ། དེ་མིན་གནའ་བོའི་བཟོ་སྐྲུན་བཀོད་པའི་ཁོར་ཡུག་བཅས་ཕན་ཚུན་བར་ནུས་པ་ཐེབས་པའི་སྐོར་མ་ལག་ལྡན་པའི་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།