ཐོས་ཤུགས་ལ་གནོད་པའི་བྱ་སྤྱོད་ཆུང་ཆུང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གཅིག རྣ་བ་ཡང་ཡང་སྔོག་པ། ཐོས་ཤུགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་བྱ་སྤྱོད་ཆུང་ཆུང་ཞིག་ཡོད་པ་ནི་རྣ་བ་ཡང་ཡང་སྔོག་པ་དེ་རེད། མི་ལ་ལས་རྒྱུན་པར་རྣ་ལམ་གཙང་སེལ་བྱས་ན་ཐོས་ཤུགས་སྔར་བས་གསལ་པོ་ཡོང་ཐུབ་པར་འདོད། དོན་དངོས་སུ་རྣ་བ་སྔོག་དྲགས་ན་ཐོས་ཤུགས་ལ་གནོད་པ་ཐེབས་སྲིད།
རྣ་སྤབས་ནི་ཕྱིའི་རྣ་ལམ་ནང་གི་པགས་ཚིལ་རྨེན་གྱིས་ཟགས་ཐོན་བྱས་པ་ཞིག་རེད། དེའི་ནུས་པ་ནི་ཕྱི་རོལ་གྱི་ཐལ་རྡུལ་དང་སྒྲ་རླབས་མང་པོ་ཕྱིའི་རྣ་ལམ་དུ་འཛུལ་བ་བཀག་འགོག་བྱས་ཏེ། ཕྱིའི་རྣ་ལམ་དང་རྣ་བའི་རྔ་སྐྱི་ལ་སྲུང་སྐྱོབ་བྱེད་པ་རེད། རྣ་བ་སྔོག་དྲགས་ན་རྣ་བའི་སྲུང་སྐྱོབ་འགོག་སྲུང་ལ་གཏོར་བརླག་ཐེབས་ཏེ། སྒྲ་རླབས་མང་པོས་རྔ་སྐྱི་ལ་ཕོག་ཐུག་བཟོ་བ་དང་། ཡུན་རིང་འགོར་ཚེ་རྔ་སྐྱི་རྒས་པ་དང་སྲ་འགྱུར་བྱེད་པས། སྒྲ་བསྡུ་ལེན་བྱེད་པའི་ནུས་པའང་དེ་དང་བསྟུན་ནས་ཇེ་ཞན་དུ་འགྲོ་བ་རེད།
གཉིས། འཛེར་སྒྲའི་ཁོར་ཡུག་ཏུ་རྣ་ཉན་རྒྱག་པ། ཐོས་ཤུགས་ལ་གནོད་པ་ཐེབས་པའི་གོམས་གཤིས་གཞན་ཞིག་ནི་རྣ་ཉན་ཡང་དག་པའི་སྒོ་ནས་བཀོལ་སྤྱོད་མི་བྱེད་པ་དེ་རེད། ལག་ཁྱེར་ཁ་པར་དང་ཁ་འབྲལ་ཐབས་མེད་པའི་དུས་རབས་འདིར། བརྙན་ལམ་སྣ་ཚོགས་དང་སྒྲ་ཟློས་ཕུན་སུམ་ཚོགས་པས་ང་ཚོའི་འཚོ་བར་དུས་དང་རྣམ་པ་ཀུན་ཏུ་སྤྲོ་སྣང་སྟེར་བཞིན་ཡོད། མི་མང་པོ་ཞིག་སྤྱི་པའི་ཁོར་ཡུག་ཏུ་མི་གཞན་གྱིས་བར་ཆད་མི་བྱེད་པའི་ཆེད་དུ་རྣ་ཉན་རྒྱག་པར་དགའ། འོན་ཀྱང་ཡུན་རིང་ལ་རྣ་ཉན་བརྒྱབ་ན། སྒྲ་རླབས་ཀྱིས་ཐད་ཀར་རྣ་བའི་རྔ་སྐྱི་ལ་ཕོག་ཐུག་བཟོས་ཏེ། དུས་ཡུན་རིང་པོ་འགོར་རྗེས་ཐོས་ཤུགས་ཇེ་ཞན་དུ་འགྲོ་སྲིད།
ཡང་དག་པའི་ཐབས་ལམ་ནི་རྣ་ནང་དུ་འཛུགས་པའི་རྣ་ཉན་ཡུན་རིང་པོར་མི་སྤྱོད་པ་དང་། སྒྲའི་མཐོ་དམའ་སུམ་ཆའི་གཅིག་གི་མན་དུ་ཚོད་འཛིན་བྱ་དགོས། འཛེར་སྒྲ་ཆེ་བའི་ཁོར་ཡུག་ཏུ་རྣ་ཉན་མི་སྤྱོད་པའམ་འཛེར་སྒྲ་ཇེ་ཆུང་དུ་གཏོང་བའི་རྣ་ཉན་བདམས་ཏེ། སྒྲ་ཚད་མཐོ་བའི་སྒྲ་རླབས་ཀྱིས་དུས་ཡུན་རིང་པོར་རྣ་བའི་རྔ་སྐྱི་ལ་ཕོག་ཐུག་བཏང་ནས་ཐོས་ཤུགས་ལ་གཏོར་བརླག་མི་ཐེབས་པ་བྱ་དགོས། །