མཚོ་བྱང་རྐང་ཚ་རྫོང་ལྷ་ཆབ་ཁུགས་སྒར་འདེབས་རྟེན་གཞིའི་ས་ཚིགས་ལ་ཞིང་ཆེན་རིམ་པའི་སྐར་རིམ་བཞི་བའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་སུ་བདམས་ཐོན་བྱུང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས《ཞིང་ཆེན་ཡོངས་ཀྱི་སྐར་རིམ་ལྔ་བ་དང་སྐར་རིམ་བཞི་བའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་ངེས་བཟུང་སྐོར་གྱི་བརྡ་སྦྱོར》ཁྱབ་བསྒྲགས་བྱས་པ་ལྟར་ན། མཚོ་བྱང་ཁུལ་རྐང་ཚ་རྫོང་ལྷ་ཆབ་ཁུགས་སྒར་འདེབས་རྟེན་གཞིའི་ས་ཚིགས་ནི《གྲོང་གསེབ་ཡུལ་སྐོར་ས་ཚིགས(སྣེ་ལེན་དུད་ཁྱིམ)རིམ་པའི་དབྱེ་འབྱེད་དང་དཔྱད་འབེབས》(DB63/T1677-2018)ཀྱི་ཚད་གཞིར་མཐུན་ཞིང་། ཞིང་ཆེན་རིམ་པའི་སྐར་རིམ་བཞི་བའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་བདམས་ཐོན་བྱུང་ལ། མཚོ་བྱང་ཁུལ་གྱི་ད་རེས་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་རྩེ་གྲ་ཁོ་ནར་གཏོགས།
ལྷ་ཆབ་ཁུགས་སྒར་འདེབས་རྟེན་གཞིའི་ས་ཚིགས་ནི་རྐང་ཚ་རྫོང་གི་མཛེས་སྡུག་ལྡན་པའི་མཚོ་འགྲམ་དུ་ཆགས་ཤིང་། མཚོ་སྔོན་པོའི་བྱང་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་གི་མཛེས་ལྗོངས་དང་ཕུན་ཚོགས་ཀྱི་དམངས་སྲོལ་རིག་གནས་ལ་བརྟེན་ནས།སྐྱེ་ཁམས་ཀྱི་ལྟ་སྐོར་དང་སྒར་འདེབས་ཀྱི་མྱོང་རོལ།དམངས་སྲོལ་གྱི་མཉམ་འགྲུལ།སོས་དལ་གྱི་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུ།
རྟེན་གཞིས“སྐྱེ་ཁམས་སྔ་འཐོབ་དང་།རིག་གནས་དང་ཡུལ་སྐོར་མཉམ་འདྲེས”ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུའི་སྤུས་ཀ་མཐོར་འདེགས། རིག་གནས་ཀྱི་བརྗོད་དོན་སྔོག་འདོན་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་ཆེར་བཏོན་ཏེ།ཡུལ་སྐོར་བ་ཚོར་རང་བྱུང་གི་སྤྲོ་སྣང་དང་སྐྱིད་སྣང་གི་མྱོང་རོལ་ཡུལ་སྐོར་ཞབས་ཞུ་འདོན་སྤྲོད་བྱས་ནས་ཁྲོམ་ར་དང་ལས་རིགས་ཀྱི་ཁས་ལེན་ཐོབ་ཡོད།
ད་ཐེངས་ཞིང་ཆེན་རིམ་པའི་སྐར་རིམ་བཞི་བའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་ལ་བདམས་ཐོན་བྱུང་བ་ནི་ལྷ་ཆབ་ཁུགས་སྒར་འདེབས་རྟེན་གཞིའི་ས་ཚིགས་ཀྱི་ལས་གཉེར་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་ལ། རྐང་ཚ་རྫོང་གི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ལྕག་བྱས་པ་ཞིག་ཀྱང་ཡིན།
རྐང་ཚ་རྫོང་གིས་གོ་སྐབས་འདི་ལ་བསྟུན་ནས་མུ་མཐུད་དུ་གྲོང་གསེབ་ཡུལ་སྐོར་ཚད་ལྡན་ཅན་དང་སྤུས་ཀ་ཅན། ཁྱད་ཆོས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་སྒྲིག་དང་ཐོན་རྫས་འདོན་སྤྲོད་ཕུན་སུམ་ཚོགས་པ།ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། སྔར་ལས་སྐད་གྲགས་ཆོད་པའི་གྲོང་གསེབ་ཡུལ་སྐོར་ཟོང་རྟགས་གསར་དུ་བསྐྲུན་ནས། “མཐོ་སྒང་མཚོ་ངོགས་བོད་མཁར”གྱི་གྲོང་གསེབ་ཡུལ་སྐོར་མིང་བྱང་སྔར་ལས་མཚར་སྡུག་ལྡན་པར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་དབུལ་རྒྱུ།