ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་མཉམ་དུ“ཀྲུང་གོ་དང་ལའོ་ཝུའོ་མཛའ་གྲོགས་ལོ”མགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ།
发布时间:2026年02月13日
消息来源:
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ2པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལའོ་ཝུའོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་འཕྲིན་ལན་བཏང་ནས2026ལོ་དེ“ཀྲུང་ལའོ་མཛའ་གྲོགས་ལོར”གཏན་འཁེལ་བྱ་རྒྱུ་དང་འབྲེལ་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུའི་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས།ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ལའོ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་ཞིང་མི་རབས་ནས་མི་རབས་བར་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་ལ། བློ་མཐུན་ལམ་མཐུན་དང་ལས་དབང་མཉམ་པའི་བློ་མཐུན་བཟང་པོ་དང་རོགས་ཟླ་བཟང་པོའང་ཡིན། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་གྱི་ཐོག་ནས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ཀྱི་ཐོག་ནས་འགྲན་སློང་ལ་གདོང་གཏད་དེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་བསྩལ་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྲུའུ་ཞི་ཐུང་ལུན་དང་ཐུག་འཕྲད་ཐེངས་མང་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ནས། དུས་བབ་གསར་པའི་འོག་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་བཟོས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་ཐམས་ཅད་ལ་རྣམ་པ་གསར་བ་མངོན། ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བའི་ལོ་རྒྱུས་དུས་སྐབས་ཡག་ཤོས་སུ་གནས་པ་དང་། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ལའོ་ཝུའོ་བར་གྱི་འབྲེལ་བར་ལྟ་ཚུལ་འཛིན་བཞིན་ཡོད་པ་དང་། ལའོ་ཝུའོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལའོ་ཝུའོ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར65ལོན་པ་དང“ཀྲུང་གོ་དང་ལའོ་ཝུའོ་བར་གྱི་མཛའ་གྲོགས་ལོ”ལ་རྟེན་འབྲེལ་ཞུ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་འདོད་ཡོད།ཐུང་ལུན་གྱིས་ཞི་ཅིན་ཕིང་ལ་སྤྲིངས་པའི་ལོ་གསར་གྱི་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན།
སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྲུའུ་ཞི་ཅི་ཞི་ཅིན་ཕིང་གི་སྐུ་དངོས་ཀྱིས་སེམས་ཁུར་དང་སྣེ་ཁྲིད་འོག ལའོ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་ནས། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་ཡོད། ངས་ལའོ་ཝུའོ་ཕྱོགས་ཀྱི་སྡེ་ཁག་ཁག་གི་སྣེ་ཁྲིད་དེ་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱས་ཏེ། ལའོ་ཀྲུང་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར65ལོན་པ་དང“ལའོ་ཀྲུང་མཛའ་གྲོགས་ལོའི”རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་ཡག་པོར་གཉེར་བ་དང་། ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ལའོ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་དུས་སྐབས་གསར་པར་མཐོ་ཚད་གསར་པ་ཞིག་ཏུ་བསྐྱོད་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དཔེ་སྟོན་བྱ་རྒྱུ་ཡིན། །