ཀྲང་ཧྥེང་གིས221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་བར་བརྟག་ཞིབ་གནང་སྐབས་མ་ལག་ལྡན་པའི་སྒོ་ནས་སྲུང་སྐྱོབ་དང་ཚན་རིག་དང་མཐུན་པའི་བེད་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གནའ་ཤུལ་གྱི་དུས་རབས་ཀྱི་རིན་ཐང་ངེས་པ་དོན་གྱིས་འདོན་སྤེལ་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ3པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་སོ་སོར་བསྐྱོད་དེ་ཡུལ་དངོས་ནས་རིག་དངོས་སྲུང་སྐྱོབ་དང་གསོན་སྒྱུར་བེད་སྤྱོད་བྱ་བར་བརྟག་ཞིབ་གནང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་སྲུང་སྐྱོབ་དང་བེད་སྤྱོད་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། མ་ལག་ལྡན་པའི་སྲུང་སྐྱོབ་ལ་བརྟེན་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་བེད་སྤྱོད་ལ་བརྟེན་ནས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ངེས་པ་དོན་གྱིས་གནའ་ཤུལ་ལ་དུས་རབས་ཀྱི་གཟི་དཔལ་རྒྱས་པ་དང་དུས་རབས་ཀྱི་རིན་ཐང་མངོན་པར་བྱེད་དགོས་ཟེར།

མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཀྲང་ཧྥེང་གིས་དྲན་གསོ་ཁང་གི་བྱེད་ནུས་དང་བཀོད་པ། རྒྱུན་གཏན་གྱི་གཉེར་སྐྱོང་དོ་དམ། གསར་བརྗེའི་ལོ་རྒྱུས་དཔྱད་གཞི་བསྡུ་རུབ། ཡུལ་སྐོར་བའི་ཞབས་ཞུའི་འགན་ལེན། རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཁྱབ་གདལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཁོས་བསྟན་དོན། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནི་མཚོ་བྱང་གི་རྩ་ཆེ་བའི་གསར་བརྗེའི་ཐོན་ཁུངས་ཤིག་ཡིན་པས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་མཚོ་བྱང་གི་གཡོལ་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། གསར་བརྗེའི་ལོ་རྒྱུས་ཀྱི་གདིང་གཞི་སྔོག་འདོན་གཏིང་ཟབ་བྱེད་པ་དང་། འགྲེམས་སྟོན་སྤུས་ཚད་དང་འགྲེལ་བཤད་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། གསར་བརྗེའི་སློབ་གསོའི་ཡིད་དབང་འགུག་ནུས་དང་རློབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དེ་སྔའི221རྟེན་གཞིའི་རིགས་དང་འབྱུང་ཁུངས་གཅིག་པའི་ལས་ཁུངས་དང་འབྲེལ་མཐུད་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཐོན་སློབ་ཞིབ་གསུམ་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཤུགས་བསྣན་ཏེ། གསར་བརྗེའི་སློབ་གསོ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས། ཉམས་ཞིབ་ལག་ལེན་བཅས་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ངེས་པ་དོན་གྱིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པ་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་ཡག་པོ་གཏོང་དགོས་ཟེར།

དེའི་རྗེས་སུ། ཀྲང་ཧྥེང་རྟེན་གཞིའི་གནའ་ཤུལ་གྱི་ས་འོག་བཀོད་འདོམས་ལྟེ་གནས་དང་ཡན་ལག་བཟོ་གྲྭ་དང་པོ། ཡན་ལག་བཟོ་གྲྭ་བཞི་པ། མདེལ་འཇོག་ས་ཚིགས། ཡན་ལག་བཟོ་གྲྭ་གཉིས་པ། ཡན་ལག་བཟོ་གྲྭ་བདུན་པ། འགད་གཏོར་ཚོད་ལྟ་ཁང་སོགས་ལྟེ་བའི་གནས་སུ་སྔ་གཞུག་ཏུ་བསྐྱོད་དེ་བཟོ་སྐྲུན་གྱི་མ་གཞིའི་སྲུང་སྐྱོབ་དང་། གནའ་ཤུལ་ཉམས་གསོ་དང་རིམ་སྤོར། ཕྱོགས་བསྡུས་གསོན་སྒྱུར་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། བཟོ་གྲྭ་སོ་སོའི་ལོ་རྒྱུས་འཕེལ་རིམ་དང་ནུས་པའི་ངེས་གནས། དུས་ཡུན་རིང་འབྲིང་གི་སྲུང་སྐྱོབ་བེད་སྤྱོད་འཆར་འགོད་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་མཛུབ་ཁྲིད་བསམ་འཆར་བཏོན། ཁོས་ནན་གྱིས་བསྟན་དོན། གསར་བརྗེའི་གྲོང་རྡལ་ཆུང་ངུའི་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་ནས་རྡུལ་ཕྲན་མཁར་གྱི་གསར་བརྗེའི་རིག་གནས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འབྲེལ་ཡོད་འཆར་འགོད་ལག་བསྟར་ནན་མོ་བྱེད་པ་དང་། གོ་རིམ་ཡོད་པ་དང་དམིགས་འབེན་ཡོད་པ། དུས་རིམ་དབྱེ་བ་བཅས་ཀྱི་སྒོ་ནས་གནའ་ཤུལ་སྲུང་སྐྱོབ་དང་གསར་སྤེལ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྣམ་པ་དོ་དམ་ཚོད་འཛིན་དང་སྤུས་འབྲས་བཅོས་སྐྱོང་ཏན་ཏིག་བྱས་ནས་གསོན་སྒྱུར་བེད་སྤྱོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་གཞིགས་ཏེ་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་གཏོང་བ་དང་། གསར་བརྗེའི་ཡུལ་སྐོར་ཐོན་རྫས་མ་ལག་འཐུས་ཚང་དུ་གཏང་སྟེ། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་དེ་གསར་བརྗེའི་ཐོན་ལས་སྦྲེལ་ཐག་སྦྲེལ་མཐུད་ནུས་ལྡན་བྱེད་པ་བཅས་བྱས་ཏེ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས། གསར་བརྗེའི་རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་བྱེད་དགོས། འཇོན་མི་གསོ་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་སྒྲུབ་མི་སྣའི་ཆེད་ལས་བྱང་ཚད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། དྲིལ་སྒྲོག་གཞི་རྟེན་དང་བརྒྱུད་སྤེལ་བྱེད་སྟངས་གསར་གཏོད་བྱས་ཏེ། ཐབས་ལམ་མང་པོ་དང་ཕྱོགས་ཡོངས་ནས་དྲིལ་སྒྲོག་ཁྱབ་གདལ་བཏང་སྟེ་རྒྱུན་མཐུད་སྒོས་ཆས་རྟགས་ཀྱི་ཤན་ཤུགས་དང་སྙན་པ་ཆེ་རུ་གཏོང་དགོས་ཟེར།
ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་གིས་ཕེབས་རོགས་བྱས། མ་རུའུ་ཞང་དང་ལི་ཞན་རུང་གིས་སྔ་རྗེས་སུ་འགྲོ་རོགས་བྱས།