རྒྱལ་ཕྱི་ནང་གི་རྡོ་སྣུམ་དང་གསེར་དངུལ་རིན་གོང་འཕར་ཆག་གནས་ཚུལ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཁམས་པའི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཨ་རི་དང་དབྱི་རན་གྱི་ཛ་དྲག་གནས་ཚུལ་གྱི་རྐྱེན་གྱིས་མཚོ་ཁུག་ས་ཁུལ་གྱི་རྡོ་སྣུམ་ཕྱིར་གཏོང་ལ་མུ་མཐུད་འགོག་རྐྱེན་ཕོག་པས་ཁྲོམ་རའི་སེམས་ཁྲལ་སླར་ཡང་སློང་བ་དང་། རྒྱལ་སྤྱིའི་སྣུམ་རིན་གཟའ་ཟླ་བར་མངོན་གསལ་འཕར་ཡོད་པ་རེད།
མ་མཐའི་གོང་ཐང་ཁྱབ་བསྒྲགས་བྱས་པའི་བར་དུ་ནིའུ་ཡོའི་ཚོང་ཟོག་ཉོ་ཚོང་ཁང་གིས་ཟླ6པར་ཚོང་ཟོག་རྩིས་སྤྲོད་བྱས་པའི་མ་བཅོས་རྡོ་སྣུམ་གྱི་དུས་ཟོང་རིན་གོང་ལྕགས་ཟོམ་རེར་ཨ་སྒོར106.42ཟིན་པ་དང་འཕར་ཚད4.39%ཡིན།
ཟླ7པར་ཚོང་ཟོག་རྩིས་སྤྲོད་བྱེད་པའི་ལོན་ཏོན་པུའུ་ལུན་ཐེ་མ་བཅོས་རྡོ་སྣུམ་དུས་ཟོང་རིན་གོང་ལྕགས་ཟོམ་རེར་ཨ་སྒོར114.44དང་འཕར་ཚད5.80%ལ་ཟིན་པ་རེད།

ཚེས4ཉིན་རྒྱལ་སྤྱིའི་གསེར་དངུལ་གྱི་རིན་གོང་མངོན་གསལ་གྱིས་མར་ལྷུང་།
མ་བཅོས་རྡོ་སྣུམ་གྱི་དུས་ཟོང་རིན་གོང་ཆེས་ཆེར་འཕར་བ་དེས་ཁྲོམ་རའི་འཁོར་རྒྱུག་རང་བཞིན་གྱི་གནོན་ཤུགས་ཐེབས་པ་མ་ཟད། ཨ་སྒོར་གྱི་མཚོན་གྲངས་འཕར་བ་དང་། ལོ་བཅུའི་རིང་གི་ཨ་རིའི་བུ་ལོན་གྱི་ཁེ་སྤོགས་ཐོབ་ཚོད་ཇེ་མཐོར་སོང་བས་རྒྱལ་སྤྱིའི་གསེར་དངུལ་གྱི་རིན་གོང་མངོན་གསལ་གྱིས་མར་ལྷུང་བ་རེད། མ་མཐའི་གོང་ཐང་ཁྱབ་བསྒྲགས་བྱས་པའི་བར་ནིའུ་ཡོའི་ཚོང་ཟོག་ཉོ་ཚོང་ཁང་གིས་ཟླ6པར་རྩིས་སྤྲོད་བྱས་པའི་གསེར་གྱི་དུས་ཀྱི་རིན་གོང་ཨང་སི་རེར་ཨ་སྒོར4533.30ཟིན་པ་དང་ཆག་ཚད2.39%ལ་ཟིན། ཟླ7པར་རྩིས་སྤྲོད་བྱས་པའི་དངུལ་གྱི་དུས་ཟོང་རིན་གོང་ཨང་སི་རེར་ཨ་སྒོར73.522ཟིན་པ་དང་མར་ཆག་ཚད3.81%ལ་ཟིན་པ་རེད།
ཚེས5ཉིན་རྒྱལ་ནང་གི་སྤུས་རྟགས་མང་པོའི་གསེར་གྱི་རྒྱན་ཆའི་རིན་གོང་དམའ་རུ་ཕྱིན་ནས་ཁེ་རེར་སྒོར1400མན་ལ་ཆག་ཡོད་པ་རེད། ཀྲོའུ་ཧྲེང་ཧྲེང་གི་གསེར་གྱི་རྒྱན་ཆ་ཁེ་རེར་སྒོར1393ཡིན་པ་དང་ཉིན་གོང་མའི་ཁེ་རེར་སྒོར1410ལས་སྒོར17ཆག་ཡོད་པ་རེད། ལའོ་ཧྥེང་ཞང་གི་གསེར་གྱི་རྒྱན་ཆ་ཁེ་རེར་སྒོར1396ཡིན་ལ་དེ་ཉིན་གོང་མའི་ཁེ་རེར་སྒོར1410ལས་སྒོར14ཆག་ཡོད་པ་རེད།