ཞོགས་པའི་ཇ་ཡུན་གསར་འགྱུར།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་ལས་དོན་ཞིབ་སྲོལ》པར་འགྲེམ་བྱས།
➤ཟླ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས5.6%འཕར་ཞིང་། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་ལྔ་ལས་བརྒལ་ཡོད་པ་རེད།
➤ཟླ་དང་པོ་ནས་བཞི་པའི་བར་སྤྱི་ཚོགས་འཛད་སྤྱོད་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་སྡོམ་འབོར་དུས་མཚུངས་ལས3.2%འཕར་ཡོད།
➤《ལས་གནས་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ཇུས་གཞི》ཚེས18ཉིན་ཁྱབ་བསྒྲགས་བྱས། གཙོ་གནད་ལས་རིགས་ཀྱི་ལས་མི་སྤྱོད་པའི་གཞི་ཁྱོན་བརྟན་དུ་གཏོང་བ་སོགས་ལ་དམིགས་ནས་ཞིབ་ཕྲའི་བྱེད་ཐབས་ཁག18བཏོན་ནས་མཐོ་སློབ་མཐར་ཕྱིན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

➤2025ལོར་རྒྱལ་ཡོངས་རྟེན་མཛོད་ཁང་གིས་ལྟད་མོ་བ་མི་ཐེངས་དུང་ཕྱུར15.6ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་རྟེན་མཛོད་ཁང་སྡོམ་འབོར7188སླེབས་ཤིང་། རིན་མེད་སྒོ་འབྱེད་བྱེད་ཚད91%ལས་བརྒལ་ཡོད།
➤རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ཟླ4པར་སྨན་བཅོས་ཡོ་བྱད་ཐོན་རྫས318ཐོ་འགོད་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།
➤ཚོང་དོན་པུ་སོགས་སྡེ་ཚན་དྲུག་གིས《རྒྱལ་མཚམས་ནས་སྒྲོལ་བའི་ཁྲལ་སློག་བྱེད་ཐབས་ཇེ་ལེགས་སུ་བཏང་ནས་རྒྱལ་མཚམས་ནང་དུ་འཛུལ་བའི་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏོན་ནས་བཀོལ་སྤྱོད་བྱེད་ཆོག་པ་དང་དོན་འཁྱོལ་ཐུབ་པའི་ཞིབ་ཕྲའི་བྱེད་ཐབས8བཏོན་ཏེ། ཕྱི་རྒྱལ་གྱི་འགྲུལ་པའི་ཁྲལ་སློག་དེ་བས་སེམས་བདེ་བ་དང་། དུས་ཚོད་དེ་བས་གྲོན་ཆུང་། དེ་བས་སྟབས་བདེ་བཅས་ཡོང་བ་བྱས་ཡོད།
➤ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ཀྲུང་གོ་རུ་འཚམས་འདྲིར་ཕེབས་པའི་བཀོད་སྒྲིག་ངོ་སྤྲོད་བྱས་པ་རེད།
➤འཛམ་གླིང་ལུས་སྦྱོང་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཚེས17ཉིན་ཨུ་རུ་སུའི་ལུས་སྦྱོང་ལུས་རྩལ་པ་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་སྐབས་ཨུ་རུ་སུའི་རྒྱལ་དར་སྤྱོད་པ་དང་ཨུ་རུ་སུའི་རྒྱལ་གླུ་དཀྲོལ་རྒྱུའི་ཆོག་མཆན་སྤྲད་པ་རེད།
སྤྱི་ཚོགས།
➤རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཧུའུ་ནན་དང་ཀོང་ཞི་རུ་འབྲུབ་འགོག་གི་རིམ་བཞིའི་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས་ཏེ་ལས་དོན་ཚོགས་ཆུང་འཐབ་ས་དང་པོར་མཛུབ་ཁྲིད་བྱེད་པར་མངགས།
➤ཚེས18ཉིན་གྱི་དགོང་མོའི་ཆུ་ཚོད00དང་སྐར་མ21སྟེང་། ཀོང་ཞི་ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་ནན་ཆུས་སུ་ས་ཡོམ་རིམ་པ5.2བརྒྱབ་ནས་མི2རྐྱེན་ལམ་དུ་ཤོར་བ་རེད། ཉིན་དེའི་ཆུ་ཚོད21དང་སྐར་མ44སྟེང་ལིའུ་ནན་ཆུས་སུ་སླར་ཡང་ས་ཡོམ་རིམ་པ5.2བརྒྱབ་པ་རེད།
➤《2026ཀྲུང་གོའི་བྱང་སྐར་སྤུན་བདུན་གྱི་དུས་དང་བར་སྟོང་ཐོན་ལས་འཕེལ་རྒྱས་ཀྱི་དེབ་དཀར》ལས་མངོན་པར། 2025ལོར་རང་རྒྱལ་གྱི་བྱང་སྐར་སྤུན་བདུན་གྱི་དུས་དང་བར་སྟོང་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར13323ཟིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་བརྟན་པོའི་ངང་སླེབས་ཡོད་པ་རེད།
➤ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི6.14ཟིན་ཞིང་། གཞི་ཁྱོན་ལོ་རྒྱུས་དུས་མཚུངས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད།
➤ཚེས18ཉིན། རྒྱལ་ཡོངས་ཀྱི་གྲངས་འཛིན་མི་དམངས་ཤོག་སྒོར་སྤྲད་ཆོག་པའི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་སིལ་ཚོང་ནང་འདྲེན་གྱི་ཁྲལ་གྲོན་ལས་སྒོ་ཐོག་མ་དེ་ཆིང་ཏའོ་རུ་བཙུགས་པ་རེད།
➤སྤ་སེ་ལས་དོན་སྟེགས་བུའི་གྲངས་གཞིར་གཞིགས་ན། ཚེས18ཉིན་གྱི་ཕྱི་དྲོའི་བར2026ལོར་གློག་བརྙན་སྤ་སེ་འཚོང་ཚད་སྒོར་དུང་ཕྱུར145ལས་བརྒལ་ཡོད། 《རྨོ་བོ་ལ་སྤྲིངས་པའི་བརྩེ་འཕྲིན》ཉིན་དགུ་བསྟུད་མར་སྤ་སེ་འཚོང་ཚད་ཨང་དང་པོར་སླེབས།

➤ཚེས18ཉིན། “གངས་འབྲུག2”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་འཁྱགས་གཏོར་གྲུ་གཟིངས་རང་རྒྱལ་གྱི་ཧྲང་ཧའེ་རུ་ཕྱིར་ལོག དེས་ཀྲུང་གོའི་ལྷོ་སྣེར་རྟོག་ཞིབ་ཐེངས42པ་བདེ་བླག་ངང་མཇུག་སྒྲིལ་བ་མཚོན་ཡོད།
➤ཉེ་ཆར། རང་རྒྱལ་གྱིས་བགྲོད་ལམ128ཀྱི་ནང་འཇུག་རྣམ་པའི་ཀླད་པའི་འཕྲུལ་འཁོར་མཐུད་ཁའི་མ་ལག་གི་ལྟེ་གནས་མང་པོའི་ནད་ཐོག་སྨན་བཅོས་ཚོད་ལྟ་དངོས་སུ་བྱེད་མགོ་ཚུགས། དེས་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་བརྒྱུད་ཚད་མཐོ་བའི་ཀླད་པའི་འཕྲུལ་འཁོར་མཐུད་ཁའི་ལག་རྩལ་ནད་ཐོག་སྨན་བཅོས་གཞན་སྒྱུར་གྱི་མྱུར་བགྲོད་ལམ་བུའི་ཐོག་སླེབས་པ་མཚོན་ཡོད།
དོ་སྣང་།

➤ཉེ་བའི་ལོ་་ཤས་རིང་ཚན་ཞིབ་མི་སྣའི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་ཉིན་རེ་བཞིན་ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད་མོད། འོན་ཀྱང་འཐབ་ས་དང་པོའི་ཚན་ཞིབ་མི་སྣ་མི་ཉུང་བ་ཞིག་ལ་རེའུ་མིག་བསྐྱར་འབྲི་སོགས་རིག་གཞུང་མིན་པའི་ཁུར་པོ་སྔར་བཞིན་ལྕི་པོ་ཡོད། མི་དམངས་དཔྱད་གླེང་གིས་དཔྱད་གཏམ་སྤེལ་བ་སྟེ། ཚན་རྩལ་གསར་གཏོད་བྱེད་པ་ནི་རེའུ་མིག་སྐོང་བ་དང་། དཔྱད་ཡིག་སྤུངས་པ། སྙན་ཞུ་བཅས་ལ་བརྟེན་ནས་བཤད་པ་མིན་པར། ཚན་རིག་ཞིབ་འཇུག་མི་སྣས་སེམས་རྣལ་དུ་ཕབ་ནས་བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་བྱེད་པ་ཞིག་རེད། སྙན་ཐོའི་རེའུ་མིག་སྐོང་ཚད་ཉུང་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་སེམས་ཁྲལ་སེལ་བ། ཚན་ཞིབ་མི་སྣའི་ཁུར་པོ་འབེབས་པ་དང་སེམས་ཁྲལ་མེད་པར་བཟོ་བ། ཕུགས་འདུན་ཡོད་པའི་ཚན་ཞིབ་མི་སྣ་ཚང་མར་གདེང་ཚོད་ཡོད་པ་དང་། སུན་སྣང་མེད་པ། ངར་ཤུགས་ལྡན་པ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི“འགག་རྩའི་འགྱུར་ཚད”དེ་གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འཕར་ཚད་ཆེ་ཤོས”སུ་འགྱུར་ཐུབ།
འཚོ་བའི་ཞབས་ཞུ།

➤གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲག་ཆར་ལི་མདོག་གི་ཉེན་བརྡ་བཏང་བ་དང་། དེ་རིང་ཨན་ཧུའེ་དང་ཧུའུ་པེ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་གློག་འཁྱུག་འབྲུག་གྲགས་དང་རླུང་ཆེན་གཡུག་པ་སོགས་ཀྱི་གཏད་རྒྱུག་གནམ་གཤིས་ཡོད།
➤འགྲོ་འོང་། ལྕགས་ལམ་སྡེ་ཚན་གྱིས་དེ་རིང་ནས་བཟུང་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་པེ་ཅིང་བྱང་ནས་ཁྲུང་ལིའི་བར་གྱི་མེ་འཁོར་ས་ཚིགས་ཁག་བར་འཁོར་སྐྱོད་བྱེད་པའི་ཡིག་འབྲུGརྟགས་ཅན་གྱི་ཤུགས་འགྲེམ་མེ་འཁོར་རུ“ལྕགས་རྟ་འཁྱེར་ཆོག་པའི”ཞབས་ཞུའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད། འགྲུལ་པས་སྤྱོད་སྣེ12306བརྒྱུད་ནས་སྔོན་མངགས་བྱེད་པ་དང་འབྲེལ་དངུལ་སྤྲོད་ཆོག་པ་དང་། རླངས་འཁོར་ནང་སྡོད་སྐབས་ས་ཚིགས་ཀྱི་བདེ་འཇགས་ཞིབ་བཤེར་དང་ཚད་ལྡན་ཐུམ་སྒྲིལ་བརྒྱུད་གཏན་འབེབས་དང་མཐུན་པའི་ལྕགས་རྟ་འཁྱེར་ནས་འགྲོ་ཆོག་གི་ཡོད་པ་རེད།
➤ལན་ཀྲོའུ། ལན་ཀྲོའུ་ཡི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་རིང་ལ་འབྲེལ་ཡོད་ལམ་དུམ་བུར་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན། དེའི་ནང་ཟླ5པའི་ཚེས20ཉིན་གྱི་ཆུ་ཚོད10ནས་ཚེས24ཉིན་གྱི་ཆུ་ཚོད17བར་ཨོ་ཐེ་དབུས་ལམ་གྱི་ཤར་དུམ་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད།