ཀྲང་ཧྥེང་གིས་ལྕགས་རྟའི་ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ནུབ་མཚོ་གྲོང་རྡལ་ནི་མཐོ་སྒང་གི་ཁྱད་ལྡན་ལྕགས་རྟའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་གཏོད་དགོས་པ་ནན་གྱིས་བསྟན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་མཚོ་སྐོར་ཤར་ལམ་དུ་བསྐྱོད་དེ་རིག་གནས་ཡུལ་སྐོར་ཁེ་ལས་གཉེར་སྐྱོང་དང་མཚོ་སྐོར་ལྕགས་རྟར་ཞོན་པའི་ཐོན་ལས་འཕེལ་རྒྱས་བྱ་བར་ཆེད་དོན་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། མཚོ་བྱང་གི་སྐྱེ་ཁམས་ཀྱི་གཞི་མདོག་དང་ས་བབ་ཀྱི་ལེགས་ཆ། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་བཅས་ལ་གཞི་ཚུགས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་སྤུས་འབྲས་ལེགས་གཉེར་ལ་དམིགས་ནས། ནུབ་མཚོ་གྲོང་རྡལ་གྱི་གསར་བརྗེའི་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ནུབ་མཚོ་གྲོང་རྡལ་ནི་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་དང་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་མཐོ་སྒང་གི་ཁྱད་ལྡན་ལྕགས་རྟའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་གཏོད་དགོས་ཟེར།

ཀྲང་ཧྥེང་སྔ་རྗེས་སུ་བོན་གྱ་ཕྱུགས་ར་དང་ནུབ་མཚོ་སྐར་ཁང་། མདའ་བཞིའི་མཚོ་སྐོར་ལྕགས་རྟ་ཕྱོགས་བསྡུས་ཡུལ་སྐོར་ཞབས་ཞུ་རྟེན་གཞི། མཚོ་སྔོན་པོ་ལྕགས་རྟའི་སྒར་གཞི་སྤྲོ་སྐྱིད་ཁང་། མཚོ་སྐོར་ལྕགས་རྟའི་སྒར་ཆེན་བཅས་སུ་བསྐྱོད་དེ། ཡུལ་དངོས་ནས་ལས་རྣམ་བཀོད་སྒྲིག་དང་སྒྲིག་བཀོད་ཆ་ཚང་། ལམ་ཐིག་འཆར་འགོད། གཉེར་སྐྱོང་དོ་དམ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཁེ་ལས་གཉེར་སྐྱོང་གི་ད་ལྟའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་འཆར་འགོད། འགག་རྩའི་གནད་དོན་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། ཡུལ་དངོས་ནས་སྐུལ་འདེད་གཏོང་ཐབས་ལ་ཞིབ་འཇུག་བྱས་ནས་བསྟན་དོན། མཚོ་སྐོར་ལྕགས་རྟར་ཞོན་པ་ནི་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་དབྱེ་འབྱེད་ཚད་ལྡན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་ཤིག་ཡིན་པ་དང་ནུབ་མཚོ་གྲོང་རྡལ་གྱི་ས་བབ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ་ལ་རིག་གནས་ཡུལ་སྐོར་ཕུན་སུམ་ཚོགས་པས། མཐོ་སྒང་གི་ཁྱད་ལྡན་ལྕགས་རྟའི་གྲོང་རྡལ་ཆུང་ངུ་གཏོད་པའི་ལྷན་སྐྱེས་ཀྱི་ཆ་རྐྱེན་དང་ཐོན་ལས་ཀྱི་རྨང་གཞི་ལྡན་ཡོད། ལྕགས་རྟའི་ཐོན་ལས་དེ་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་དང་འཛད་སྤྱོད་རིམ་སྤར། གྲོང་གསེབ་དར་སྤེལ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་། སྤྱི་ཡོངས་ལ་སྐུལ་འདེད། ཕྱོགས་བསྡུས་ནུས་ཤུགས་འདོན་སྤེལ་བཅས་བྱས་ཏེ"ལྕགས་རྟར་ཞོན་པ+སྐྱེ་ཁམས་དང་། ལྕགས་རྟར་ཞོན་པ+གསར་བརྗེ། ལྕགས་རྟར་ཞོན་པ+ཡུལ་སྐོར། ལྕགས་རྟར་ཞོན་པ+འགྲན་སྡུར། ལྕགས་རྟར་ཞོན་པ+ཁམས་གསོ"བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་པར་བྱེད་དགོས་ཟེར།

ཀྲང་ཧྥེང་གིས་ནན་གྱིས་བསྟན་དོན། མཚོ་སྐོར་ལྕགས་རྟར་ཞོན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ནུབ་མཚོ་ནས་མགོ་བཙུགས་ཏེ་ཕྱིར་ནུབ་མཚོར་ལོག་པའི་ལྟེ་བའི་ངེས་གནས་ལ་དམ་པོར་སྦྲེལ་ནས་མཐོ་རིམ་འཆར་འགོད་གཅིག་གྱུར་ཇུས་འགོད་ཡག་པོ་བྱེད་པ་དང་། ལྕགས་རྟའི་ཐོན་ལས་ཀྱི་བར་མཐོངས་འཆར་འགོད་དང་ལམ་ཐིག་མ་ལག ནུས་པ་ཆ་ཚང་བཅས་ཇེ་ལེགས་སུ་བཏང་ནས་མཚོ་སྐོར་ལྕགས་རྟར་ཞོན་པའི"མགོ་རྩོམ་ཐིག་གནས"སོགས་ཀྱི་བཀོད་སྒྲིག་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ནུབ་མཚོ་གྲོང་རྡལ་དེ་མཚོ་སྐོར་ལྕགས་རྟར་ཞོན་པའི་ས་ཚིགས་དང་པོ་དང་མཁོ་སྤྲོད། རོགས་སྐྱོབ། རིག་ལྡན་ཞབས་ཞུ་སོགས་སྦྲེལ་ཐག་ཧྲིལ་པོའི་འདེགས་སྐྱོར་འཐུས་ཚང་དུ་བཏང་ནས་ལྕགས་རྟའི་ཐོན་ལས་ཀྱི་ཐེག་ནུས་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས། མཚམས་ཚིགས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་ནུབ་མཚོ་གྲོང་རྡལ་གྱི་འགྲིམ་འགྲུལ་ལྟེ་གནས་དང་ཉེ་འགྲམ་གྱི་མཚོ་སྔོན་པོ་དང་སྨོན་ལམ་མཐོན་པོ། བྱེ་མ་གསེར་ལྡན། གསེར་དངུལ་ཐང་སོགས་ས་བབ་ཀྱི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ནས་ལྕགས་རྟའི་ཐོན་ལས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཚོང་གཉེར་དང་། གྲོང་གསེབ་ཡུལ་སྐོར། དམངས་སྲོལ་ཉམས་ལེན་སོགས་མཉམ་འགུལ་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་ལས་རྣམ་གསར་པར་བརྟེན་ནས་འཛད་སྤྱོད་གསར་པར་སྐུལ་ཁྲིད་དང་ཐོན་འབབ་གསར་པར་སྐུལ་འདེད་གཏོང་དགོས། རིག་གནས་ཡུལ་སྐོར་གྱི་ཆས་རྟགས་ལ་བཀྲག་མདངས་འཚེར་བར་བྱེད་པ་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྡུལ་ཕྲན་མཁར་གྱི་གསར་བརྗེའི་རིག་གནས་དང་གསེར་དངུལ་ཐང་གི་མི་རིགས་རིག་གནས་ཀྱི་ནང་དོན་ཟབ་མོ་སྔོག་འདོན་བྱེད་དགོས་ཤིང་། ལྕགས་རྟའི་ཐོན་ལས་དང་གསར་བརྗེའི་སློབ་གསོ། རིག་རྩལ་འཁྲབ་སྟོན། ཁྱད་ལྡན་ཉམས་ལེན་བཅས་སྐྱེ་ལྡན་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། “གླུ་གཞས་གཅིག འགྲེམས་ཁང་གཅིག ཟློས་གར་གཅིག ལྕགས་རྟར་ཞོན་པ་གཅིག”བཅས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ལིང་ཚེ་རྣམ་པ་གཏོད་དེ། ནུབ་མཚོ་གྲོང་རྡལ་གྱི“ལྕགས་རྟའི་ཐོན་ལས”ལ་མཚན་སྙན་ཡོད་པ་དང་། “ཡུལ་སྐོར་ལ”ནང་དོན་ཡོད་པ། མི“གནས་སྡོད་ཐུབ་པ”བཅས་བྱེད་དགོས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏང་ནས། རིག་གནས་ཡུལ་སྐོར་ཁེ་ལས་སྟོབས་ཇེ་ཆེ་དང་ཇེ་ལེགས་སུ་ཡོང་བ་དང་གཉེར་སྐྱོང་རྣམ་པ་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ། ཞབས་ཞུའི་སྤུས་ཚད་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་ཡུལ་སྐོར་ལས་རིགས་གཞི་ཁྱོན་ཅན་དང་ཆས་རྟགས་ཅན། ཚད་གཞི་ཅན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་སྣོན་དགོས་ཟེར།
མ་རུའུ་ཞང་དང་སྟག་ལྷས་ལྷན་དུ་བརྟག་ཞིབ་བྱས།