གསར་འགྱུར་གལ་ཆེན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་རས་དམར་པོ་འགྲེལ་བཤད་པར་འཕྲིན་ལན་སྤྲིངས་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཤེས་བྱའི་འཇོན་ཐང་ཆེ་རུ་བཏང་སྟེ། འཐབ་ལམ་གསར་པའི་ཐོག་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་གནང་བ་དང་། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་རེད།
➤ཟླ6པའི་ཚེས1ཉིན་པར་སྐྲུན་བྱེད་པའི《བདེན་འཚོལ》དུས་དེབ་ཐེངས11པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཞིག་སྟེ《མ་འོངས་པའི་ཐོན་ལས་བཀོད་སྒྲིག་དང་འཕེལ་རྒྱས》ཞེས་པ་སྤེལ་རྒྱུ་ཡིན་པ་རེད།
➤ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་བསྒྱུར་བའི《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོའི་དབྱིན་ཡིག་པར་གཞི་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས། རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད།
➤ཟླ5པའི་ཚེས31ཉིན། རྒྱལ་ཁབ་སྨན་སྐྱོབ་ཅུས2026ལོའི་རྒྱལ་ཁབ་སྨན་སྐྱོབ་དཀར་ཆག་ལེགས་སྒྲིག་ལས་དོན་གྱི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་རེད།
➤རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་རང་རྒྱལ་གྱིས་བྱིས་པའི་སྨན་སྤྱོད138ལ་ཆོག་མཆན་སྤྲད་པས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
➤ཟླ6པའི་ཚེས1ཉིན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཁྱབ་བསྒྲགས་བྱས་པའི《དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་གཉེར་སྐྱོང་མཁན་གྱིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་སྐུལ་དོ་དམ་གཏན་འབེབས》དངོས་སུ་ལག་བསྟར་བྱས་པ་རེད།
➤དམངས་སྲིད་པུས་བརྡ་ཐོ་བཏང་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ལོ་གཅིག་རིང་གི་ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་སྒྲིག་གཞིའི“སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི”ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་དང་། དེ་རྗེས་རྒྱུན་རྣམ་ཅན་དུ་བསྒྱུར་ནས་སྤེལ་རྒྱུ་རེད།
➤ཚེས31ཉིན02:07སྟེང་། རང་རྒྱལ་གྱིས་སྲུང་སྐར་དྲ་སྦྲེལ་ལག་རྩལ་ཚོད་ལྟའི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། ལག་ཐོགས་ཁ་པར་གྱི་དྲ་ཆེན་ཐད་སྦྲེལ་སྲུང་སྐར་དང་གནམ་ས་དྲ་རྒྱ་མཉམ་འདྲེས་སོགས་ལག་རྩལ་ཚོད་ལྟ་ར་སྤྲོད་བྱ་རྒྱུ་རེད།
➤ཟླ5པའི་ཚེས31ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་མཁའ་དམག་སྒྲིག་འཛུགས་བྱས་ནས། ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོའི་བར་སྣང་དང་དེ་བཞིན་མཐའ་འཁོར་གྱི་མཚོ་ཐོག་བར་སྣང་དུ་དམག་གྲབས་ཉེན་རྟོག་སྐོར་ཞིབ་བྱས་པ་རེད།
སྤྱི་ཚོགས།
➤དེ་རིང་ནས་བཟུང་། རང་རྒྱལ་ཕྱོགས་ཡོངས་ནས་ཞོད་དུས་སུ་སླེབས་རྒྱུ་རེད། སྔོན་དཔག་བྱས་ན་ཟླ་དྲུག་པར་བྱང་ཕྱོགས་ས་ཁུལ་དུ་དུས་མཚམས་རང་བཞིན་གྱི་དྲོད་ཚད་དམའ་བ་དང་ཆར་པ་འབབ་པའི་གནམ་གཤིས་ཀྱི་ཉེན་ཁ་ཡོད་པ་དང་། ལྷོ་ཕྱོགས་ས་ཁུལ་དུ་དུས་མཚམས་རང་བཞིན་གྱི་དྲག་ཆར་དང་ཆུ་ལོག་གི་ཉེན་ཁ་ཡོད་པ་རེད།
➤ཞིང་ལས་དང་གྲོང་གསེབ་པུའི་གྲོ་འཕྲུལ་བསྡུའི་མྱུར་ཚད་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་གྲོ་བརྔ་བསྡུ་བྱེད་ཚད་བཅུ་ཆ་གཉིས་ལས་བརྒལ་ཡོད་པ་རེད།
➤རྒྱལ་ཁབ་སྡོམ་རྩིས་ཅུས་སྤྱི་བསྒྲགས་སྤེལ་བ་ལྟར་ན། 2026ལོར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མི་འབོར་གཏན་འཇགས་མ་དཔེ་རྗེས་འདེད་བརྟག་དཔྱད་ཐེངས་གཉིས་བྱ་རྒྱུ་དང་། ཟླ6པའི་ཚེས1ཉིན་ནས་ཟླ6པའི་ཚེས25ཉིན་བར་དང་། ཟླ11པའི་ཚེས16ཉིན་ནས་ཟླ12པའི་ཚེས5ཉིན་བར་བརྟག་དཔྱད་པ་དུད་ཚང་དུ་བསྐྱོད་དེ་བརྟག་དཔྱད་ལས་དོན་སྤེལ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
➤རྒྱལ་སྲིད་སྤྱི་ཁྱབ་ཁང་ཧྲན་ཞི་ཁྲང་ཀྲི་ཧྲན་ཞི་ཐུང་ཀྲོའུ་ཚོགས་པའི་ལིའུ་ཧྲེན་ཡུས་རྡོ་སོལ་ལས་རིགས་ཚད་ཡོད་སྤྱི་གཉེར་གྱི“5·22”ཝ་སི་འབར་གས་དོན་རྐྱེན་ཧ་ཅང་ཚབས་ཆེན་གྱི་བརྟག་དཔྱད་ཚོ་ཆུང་གིས2026ལོའི་ཟླ5པའི་ཚེས31ཉིན་ནས་ཟླ6པའི་ཚེས20ཉིན་བར་ཐེར་འདོན་ཁ་པར་དང་ཐེར་འདོན་ཡིག་སྒམ་བཙུགས་ནས། ཐེངས་འདིའི་དོན་རྐྱེན་གྱི་འབྲེལ་ཡོད་གནད་དོན་གྱི་འཕྲིན་ཡིག་དང་ཁ་པར་བདག་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
➤ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས《སྒུལ་བདེའི་གློག་ཁུངས་སོགས་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཁས་ལེན་གྱི་ཚད་གཞིར་ཤུགས་སྣོན་རྒྱག་པ་དང་འབྲེལ་ལག་བསྟར་སྒྲིག་སྲོལ་གསར་པ་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ནས། CCCཁས་ལེན་ལག་བསྟར་བླང་བྱ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ཡོད།
➤ཟླ5པའི་ཚེས31ཉིན་གྱི་ཕྱི་དྲོ་བར། 2026ལོ་འཁོར་གྱི་གློག་བརྙན་སྤ་སེ་འཚོང་ཚད་སྒོར་དུང་ཕྱུར157ལས་བརྒལ་ཡོད། དེའི་ནང་གློག་བརྙན《ཨ་ཕྱི་ལ་ཕུལ་བའི་བརྩེ་འཕྲིན》ཞེས་པ་དེ་གཟའ་འཁོར་གསུམ་རིང་བསྟུད་མར་ཉིན་རེའི་སྤ་སེའི་མིང་ཐོའི་མདུན་གྲལ་དུ་ཚུད་པ་དང་། མིག་སྔར་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར14ལས་བརྒལ་ཡོད་པ་རེད།
➤ཉེ་དུས་རྒྱལ་ཡོངས་ཀྱི་ས་གནས་མང་པོའི་སྤྱི་སྤྱོད་རླངས་འཁོར་སྡེ་ཁག་གིས་རྒྱུགས་སྤྲོད་སློབ་མ་མཐོ་རྒྱུགས་རིང་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་ལ་རིན་མེད་ངང་སྡོད་ཆོག་པ་དང་། ལ་ལས་ད་དུང་ཁྱིམ་བདག་ཀྱང་རིན་མེད་ངང་སྡོད་དུ་འཇུག་པའི་ཁྱབ་བསྒྲགས་བྱས་པ་རེད།
➤ཟླ5པའི་ཚེས31ཉིན་གྱི་ཐོ་རེངས4:30སྟེང་། ཡུན་ནན་ཞིང་ཆེན་ཧུའེ་ཙེ་རྫོང་ནཱ་ཀུའུ་གྲོང་རྡལ་པའེ་ཧུའུ་གྲོང་ཚོར་གཏེར་ཁའི་ཐོན་ཁུངས་ལྐོག་ཏུ་སྔོག་འདོན་བྱས་པའི་དོན་རྐྱེན་བྱུང་ནས། མི5རྐྱེན་ལམ་དུ་ཤོར་བ་དང་མི1ལ་རྨས་སྐྱོན་ཕོག་ཡོད་པ་རེད།

➤ཉེ་ཆར། སི་ཁྲོན་ཁྲེང་ཏུའུ་ཡི་ལོ་གཅིག་ལ་སླེབས་པའི་བྱིས་པ་བུ་མོ་ཞིག་གིས་ངང་ལག་ཟ་སྐབས་གཟབ་གཟབ་མ་བྱས་པར་མིད་པ་འགག་པར་གྱུར། ཛ་དྲག་ཆེ་བའི་སྐབས་སུ། རྒྱ་ཁོག་ཚོང་ཁང་གི་ཚོང་བདག་ཧུའུ་ཡུའེ་ཆིས་འཕྲལ་མར་ཧའེ་མུའུ་ལི་ཁེའི་མྱུར་སྐྱོབ་ཐབས་སྤྱད་དེ་བྱིས་པ་བུ་མོ་ཉེན་ཁ་ལས་ཐར་རོགས་བྱས།
དོ་སྣང་།

➤འབྲིང་རྒྱུགས་སླེབས་ལ་ཉེ་བའི་སྐབས་སུ། ས་གནས་མང་པོའི་ལས་རིགས་སློབ་གྲྭའི་སློབ་མ་བསྡུ་ཚད་རྒྱུན་མཐུད་ངང་མང་དུ་ཕྱིན་པ་དང་། པེ་ཅིང་དང་ཀོང་ཀྲོའུ། ནན་ཉིང་སོགས་སུ་མིང་ཐོ་འགོད་པའི་ཚ་རླབས་ཤིག་འཕྱུར་བའི་གནས་ཚུལ་བྱུང་བས། “ལས་རིགས་སློབ་གྲྭའི་ཚ་རླབས”ལ་དོ་ཁུར་རྒྱ་ཁྱབ་ངང་བྱུང་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། གཅིག་གིས་ཀྱང་མི་ཤེས་པ་ནས་ནས་རྒྱུགས་སྤྲོད་མཁན་མང་བའི་བར་འབྲིང་རིམ་ལས་རིགས་སློབ་གསོའི་ལྡོག་རྒོལ་ནི་སྟེས་དབང་ཞིག་མིན་པར་སློབ་གསོའི་ངོ་བོ་དངོས་དང་ཤེས་ལྡན་མི་སྣ་བཀོད་སྒྲིག་ཐོན་ལས་དང་འཚམ་པ། གདམ་ག་དུས་རབས་དང་མཐུན་པ་བཅས་ཀྱི་ལྡོག་མེད་འཕེལ་ཕྱོགས་ཤིག་རེད། དེས་ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་དེ་བས་ཚུལ་མཐུན་དངོས་སྒྲུབ་ཡིན་པ་མཚོན་པ་མ་ཟད། ཐོན་ལས་རིམ་སྤོར་གྱི་རྒྱབ་ལྗོངས་འོག་རྩལ་ནུས་ཤེས་ལྡན་པའི་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་མཚོན་ཡོད། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས། སློབ་གླིང་དང་སློབ་གྲྭ་སྣ་ཚོགས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་དང་། ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ན། ད་གཟོད་རྒྱལ་ཁབ་འཕེལ་རྒྱས་ཀྱིས་སྣ་མང་ཅན་གྱི་ཤེས་ལྡན་མི་སྣའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་ཐུབ།
འཚོ་བའི་ཞབས་ཞུ།

➤གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་གཏད་རྒྱུག་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་ནས། སྔོན་དཔག་བྱས་ན། ཟླ5པའི་ཚེས31ཉིན་གྱི་ཆུ་ཚོད20ནས་ཟླ6པའི་ཚེས1ཉིན་གྱི་ཆུ་ཚོད20བར། ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་དབུས་ནུབ་རྒྱུད། ཧྭ་བྱང་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ8ཡན་གྱི་དྲག་ཆར་རླུང་ཆེན་དང་སེར་བ་འབབ་རྒྱུ་རེད། ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད། ཧྭ་ལྷོའི་དབུས་ནུབ་རྒྱུད་དང་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆུ་ཚོད་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི20ལས་ཆེ་བའི་དུས་ཐུང་ཆར་པ་འབབ་པའི་གནམ་གཤིས་ཡོད།
➤ཧྲང་ཧའེ། རྒྱལ་མཚམས་ནས་འགྲོ་འོང་སྤྱི་བདེ་དོ་དམ་སྡེ་ཁག་གིས་ཟླ6པའི་ཚེས6ཉིན་དང་ཚེས13ཉིན། ཚེས18ཉིན། ཚེས27ཉིན་བཅས་ཀྱི་ཆུ་ཚོད17ནས20བར་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལག་ཁྱེར་གཉེར་བའི་མཚན་མོའི་ཆེད་དོན་ཆེད་དོན་ཚོགས་འདུ་མང་དུ་བཏང་ནས། ཁྱོན་དུས་ཚོད་ནར་འགྱངས་ཞབས་ཞུ་ཐེངས42བཀོད་སྒྲིག་བྱས་ཏེ། སློབ་མའི་ཁྱིམ་ཚང་དང་དེ་བཞིན་ལས་ཞུགས་མི་སྣས་ལག་ཁྱེར་གཉེར་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད།
➤ལེའོ་ཉིང་། 2026ལོའི“བྱང་ཤར་རིམ་འདས”འགྲན་བསྡུར་གཉེར་རིང་པེ་ཅིང་སྡོད་དམངས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་གོ་ཆོད་པའི་ཐོབ་ཐང་དཔང་ཡིག་ལ་བརྟེན་ནས་ཧྲེན་དབྱང་གི་ཕོ་བྲང་རྙིང་པ་དང་ཨན་ཧྲན་ཆན་ཧྲན། པིན་ཞི་བུད་མེད་ལྔ་རི་བོ་སོགས་མཛེས་ལྗོངས་ཁུལ་དུ་རིན་མེད་ངང་ལྟ་སྐོར་བྱེད་ཆོག