ཀྲང་ཧྥེང་གིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་དུ་ཕྱིན་ནས་ཁ་གཏད་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ཁེ་ལས་ལ་མཇལ་འཕྲད་གནང་སྟེ་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བྱ་བའི་ཐད་གྲོས་མོལ་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “ལྔ་བཅོ་ལྔའི”མགོ་བརྩམས་ནས་གོམ་སྟབས་བརྟན་པོ་སྤོ་བའི་འགག་རྩའི་དུས་ཚིགས་དམ་འཛིན་བྱ་ཆེད། ཟླ6པའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་དུ་ཕྱིན་ནས་སྔ་རྗེས་སུ་ཀྲུང་གོ་འབྲུ་རིགས་སྡེ་ཚོགས་དང་། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས། ཀྲུང་གོ་གཏེར་ལྔ་སྡེ་ཚོགས། ཀྲུང་གོ་ཧ་ཡང་སྡེ་ཚོགས་བཅས་ཁ་གཏད་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ཁེ་ལས་བཞི་དང་མཇལ་འཕྲད་གནང་ལ། ཁ་གཏད་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་རྫོང་བཞིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་པ་དང་རོགས་སྐྲུན་ལས་བྱེད་པས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ནས། “རི་བོ་གཅིག་དང་ཆུ་བོ་གཅིག མཁར་གྲོང་གཅིག རྩྭ་ཐང་གཅིག་དང་མེ་ཏོག་གཅིག གླུ་གཞས་གཅིག”བཅས་ཀྱི་ཐོག་ནས་མཚོ་བྱང་གི་ཐོན་ཁུངས་ཀྱི་ལྷན་ནུས་ངོ་སྤྲོད་བྱས་པར་མ་ཟད། གནས་འཁེལ་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ་དང་ཐོན་ལས་དོན་འཁྱོལ་བྱེད་པ། ཐོན་ཁུངས་མཉམ་ལས་མཐུན་སྦྱོར་བྱེད་པ། ལས་གཞི་མཉམ་སྐྲུན་བྱེད་པ་བཅས་ཀྱི་ཐད་བཞུགས་མོལ་བརྗེ་རེས་གནང་ནས་བྱ་བར་འབྲེལ་མཐུད་བྱས།


ཀྲུང་གོ་འབྲུ་རིགས་སྡེ་ཚོགས་སུ་ཏང་སྲིད་འཐུས་ཚབ་ཚོགས་པས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་སྤྱི་གཉེར་བ་པའེ་ཡུང་སོགས་དང་བཞུགས་མོལ་གནང་། ཀྲང་ཧྥེང་གིས་ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱིས་འཇུ་ལག་རྫོང་ལ་རོགས་སྐྱོར་བྱས་པའི་ལོ་ངོ14ཡི་བྱ་བའི་ཕན་འབྲས་ལ་ཕྱིར་དྲན་བྱས་ཤིང་། མཚོ་བྱང་གི་ནས་དང་ནོར་གནག་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་གོང་གྲོས་མོལ་བྱེད་ནུས་ཞན་པ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དམའ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱིས་ཚད་གཞིའི་མ་ལག་བཟོ་བ་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། ཆས་རྟགས་སྐྱེད་སྲིང་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ཀྱི་སྣ་ཁ་ཇེ་མང་དུ་གཏོང་བ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཆས་རྟགས་གཏོད་པ་བཅས་ལ་རོགས་རམ་བྱ་རྒྱུའི་རེ་བ་ནན་ཞུ་བྱས། པའེ་ཡུང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ལྟེ་བའི་འགན་འཁྲིར་དམིགས་ནས་ཞིང་ལས་དང་བཟའ་བཅའ། དངུལ་རྩ། ས་ཁོངས་བདག་དབང་བཅས་ལས་སྒོ་ཆེན་པོ་བཞི་དང་དེ་བཞིན་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི“ས་རྒྱུ་ནས་གསོལ་ཅོག་བར”གྱི་འཕེལ་རྒྱས་གཏོང་སྟངས་ངོ་སྤྲོད་བྱས་ལ། དམིགས་བསལ་ཆོག་འཐུས་ཐབས་ལམ་འཛུགས་སྐྲུན་དང་སྤུས་ཚད་བདེ་འཇགས་དོ་དམ་ཚོད་འཛིན། དེ་བཞིན“ཀྲུང་གོའི་འབྲུ་རིགས་བཟང་པོའི”ལས་སྟེགས་ཁྱབ་གདལ་སོགས་ཐད་ཆེད་ལས་ཀྱི་རྒྱབ་སྐྱོར་བྱས་ནས་ཁ་གཏད་རོགས་སྐྱོར་དེ་འཛད་སྤྱོད་རོགས་སྐྱོར་ནས་ཐོན་ལས་མཉམ་ལས་སུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་སུ་ཏང་སྲིད་འཐུས་ཚབ་ཚོགས་པས་ཏང་ཙུའུ་ཡི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཞུས་ཞིན་ཧྥུའུ་སོགས་དང་བཞུགས་མོལ་གནང་། ཀྲང་ཧྥེང་གིས་སྡེ་ཚོགས་ཀྱིས་རྐང་ཚ་རྫོང་གི་ཐོན་ལས་རོགས་སྐྱོར་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བ་སོགས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། ཕྱོགས་གཉིས་ཀྱིས་ད་ལྟ་བསྐྲུན་བཞིན་པ་དང་ནུས་ཁུངས་གསར་པའི་ལས་གཞི། མཐོ་སྒང་ལྗང་མདོག་གསང་སྤྱོད། ལྗང་མདོག་གཏེར་རི་འཛུགས་སྐྲུན། རྡོ་སོལ་གཏེར་ཁ་རིག་ནུས་ཅན་གྱི་སྒྱུར་བཀོད། ཐང་ཧུའུ་གློག་གྲྭ་བསྐྱར་སྐྲུན། གློག་འཚོང་སྤྱི་གཉེར་ཁང་འཛུགས་སྐྲུན། ལྗང་མདོག་རྩིས་ནུས་ཐོན་ལས་བཀོད་སྒྲིག ལས་བཟོ་བའི་ཁམས་གསོ་ཚོད་ལྟ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་བར་དམིགས་ནས་བསམ་ཚུལ་བརྗེ་རེས་བྱས། ཞུས་ཞིན་ཧྥུའུ་ཡིས་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབ་ནས་རོགས་སྐྱོར་བྱེད་ཤུགས་ཇེ་ཞན་དུ་མི་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་བྱ་བ་གཏིང་ཟབ་ཏུ་གཏོང་བ་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་རོགས་སྐྲུན་བྱ་བར་ཕན་འབྲས་སྔར་ལས་ཆེ་བ་ཐོན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཀྲུང་གོ་གཏེར་ལྔ་སྡེ་ཚོགས་སུ་མཇལ་འཕྲད་གནང་སྐབས། ཏང་ཙུའུ་ཡི་ཁོངས་མིའམ་སྤྱི་གཉེར་པ་གཞོན་པ་ཁྲིན་ཅན་ཀོང་གིས་ཏང་སྲིད་འཐུས་ཚབ་ཚོགས་པ་དང་བཞུགས་མོལ་གནང་བར་མ་ཟད། ཡུལ་དངོས་ནས་ཀྲུང་གོ་བཙོ་སྦྱང་བཟོ་སྐྲུན་ཞིབ་འཇུག་ཁང་གི་རིག་གནས་ཡུལ་སྐོར་འགྲེམས་ཁང་ལ་གཟིགས་ཞིབ་བྱས་ནས་བརྗེ་རེས་གཏིང་ཟབ་གནང་། བཞུགས་མོལ་སྐབས་ཕྱོགས་གཉིས་ཀྱིས"ལྔ་བཅུ་བཞིའི"རིང་མདོ་ལ་རྫོང་ལ་རོགས་སྐྲུན་བྱས་པའི་གྲུབ་འབྲས་ལ་ཐུན་མོང་ཐོག་ཕྱིར་དྲན་བྱས་པར་མ་ཟད་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་རིག་གནས་ཡུལ་སྐོར་མགྲོན་ཁང་དོ་དམ་ཕྱིར་གཏོང་། གློག་རྩིས་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་ལ་དཔྱད་བསྡུར་གཏིང་ཟབ་བྱས། ཀྲང་ཧྥེང་གིས་གཏེར་ལྔ་སྡེ་ཚོགས་དང་ཀྲུང་གོ་བཙོ་སྦྱང་བཟོ་སྐྲུན་ཞིབ་འཇུག་ཁང་གིས་རིག་གནས་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་འཆར་འགོད་དང་། རིག་དངོས་གསོན་བསྒྱུར་བེད་སྤྱོད། མཚོ་སྐོར་ལྕགས་རྟ་ཞོན་པ་སོགས་ཀྱི་ཐད་ཆེད་ལས་མཛུབ་ཁྲིད་བྱས་ནས་མཚོ་བྱང་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པར་རོགས་རམ་བྱ་རྒྱུའི་རེ་བ་ནན་ཞུ་བྱས། ཁྲིན་ཅན་ཀོང་གིས་གཏེར་ལྔ་སྡེ་ཚོགས་ཀྱིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་རོགས་སྐྱོར་དང་སློབ་གསོ་གསོ་སྦྱོང་སོགས་གྲུབ་འབྲས་གཟེངས་སུ་ཐོན་པའི་རོགས་སྐྲུན་བྱ་བ་སོ་སོ་རྒྱུན་མཐུད་ངང་ཡག་པོར་བསྒྲུབ་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག མཚོ་བྱང་གི་ས་ཁམས་དང་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་ནས་མཚོ་བྱང་ནི་སྡེ་ཚོགས་དང་མཚོ་སྔོན་ཞིང་ཆེན་གྱི་འཐབ་ཇུས་མཉམ་ལས་ཀྱི་སྤྱི་འདོམས་གཞོངས་ཆེན་ནང་འཇུག་པར་སྐུལ་འདེད་བཏང་སྟེ་མཉམ་ལས་ཀྱི་ཐབས་ལམ་གསར་བ་སྔར་ལས་རྒྱ་ཆེར་གཏོང་རྒྱུ་ཡིན་ཟེར།

ཀྲུང་གོ་ཧ་ཡང་སྡེ་ཚོགས་སུ་མཇལ་འཕྲད་གནང་སྐབས། ཏང་ཙུའུ་ཡི་ཧྲུའུ་ཅིའམ་ལས་འཛིན་པ་ཏོན་ཞང་ཏུང་དང་ཏང་སྲིད་འཐུས་ཚབ་ཚོགས་པས་བཞུགས་མོལ་གནང་། ཀྲང་ཧྥེང་གིས་བཤད་རྒྱུར། མདའ་བཞི་རྫོང་གི་ལྗང་གློག་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གློག་རིན་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ། ལྗང་གློག་ཐད་སྦྲེལ་དང་གཞི་གྲངས་གསོག་འཇོག་དབྱེ་ཞིབ། གྲངས་འཛིན་དཔལ་འབྱོར་བཀོད་སྒྲིག་སོགས་ཐད་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེན་པོ་ཡོད་པས། ཀྲུང་གོ་ཧ་ཡང་སྡེ་ཚོགས་ཀྱིས་ལྗང་གློག་ཐད་སྦྲེལ་ལས་གཞིའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ནན་ཞུ་བྱས་པར་མ་ཟད། སྡེ་ཚོགས་ཀྱིས་དུས་མཇུག་གི་འཆར་འགོད་ནང་མཚོ་བྱང་གློག་ཤུགས་ཀྱི་ལེགས་ཆ་སྤྱད་དེ་ས་གྲོལ་དཔལ་འབྱོར་རྣམ་པ་བརྒྱུད་ནས་གློག་འབྱེད་ཧ་ཡང་སོགས་ཐེག་ནུས་ཆེ་བའི་ཐོན་ལས་བཀོད་སྒྲིག་བྱས་ཏེ། འཛད་སྤྱོད་རོགས་སྐྱོར་དང་འཇོན་མི་གསོ་སྦྱོང་སོགས་ཀྱི་ཐད་རྒྱབ་སྐྱོར་སྔར་ལས་མང་བ་བྱེད་རོགས་ཟེར། ཏོན་ཞང་ཏུང་གིས་བཤད་རྒྱུར། ཀྲུང་གོ་ཧ་ཡང་སྡེ་ཚོགས་ཀྱིས་ལྗང་གློག་ཐད་སྦྲེལ་ལས་གཞི་དེ་ཐོན་ལས་ལ་མ་འཇོག་བྱེད་པའི་བཟོ་སྐྲུན་གལ་ཆེན་ཞིག་ཏུ་བརྩིས་ནས་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་འཛད་སྤྱོད་ལ་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ཚན་རྩལ་འཇོན་མི་གསོ་སྦྱོང་དང་ལས་བྱེད་པ་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། མཚོ་བྱང་དང་ཁེ་ལས་མཉམ་ལས་ལ་འཕེལ་རྒྱས་གསར་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ཁེ་ལས་བཞིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཕེབས་པར་དགའ་བསུ་ཞུས་པར་མ་ཟད། ཏང་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། མཚོ་བྱང་གི་ཐོན་ཁུངས་ཀྱི་ལྷན་ནུས་ལ་གཞི་ཚུགས་ནས་རང་ངོས་ཀྱི་འཇོན་མི་དང་ཐོན་ཁུངས། ལས་སྟེགས་བཅས་ཀྱི་དགེ་མཚན་དང་མཚོ་བྱང་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། རོགས་སྐྱོར་བྱེད་ཐབས་ཞིབ་ཕྲ་དང་འཐུས་ཚང་དུ་བཏང་ནས་རྗེས་མཐུད་དོན་འཁྱོལ་ལས་གཞི་གཅིག་གྱུར་འཆར་འགོད་བྱེད་པ་དང་། "ལྔ་བཅོ་ལྔའི"ཁ་གཏད་རོགས་སྐྱོར་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཟེར།
ཁུལ་གྱི་མགོ་ཁྲིད་ལིག་ཡུས་པིན་དང་ཀྲའོ་ཧའེ་ཕིང་བྱེད་སྒོར་ཞུགས་ལ། འཇུ་ལག་རྫོང་དང་། མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་རྫོང་བཞིའི་ཏང་ཨུའམ་ཡང་ན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཀྲུང་དབྱང་ཁེ་ལས་ཀྱི་མཚོ་སྐྱོར་ལས་བྱེད་པ་བཅས་སོ་སོར་ཞུགས།