2026ལོར་མཚོ་བྱང་གི་སློབ་མ2445མཐོ་རྒྱུགས་ལ་ཞུགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ6པའི་ཚེས7ཉིན། 2026ལོའི་མཐོ་འབྲིང་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་གཅིག་གྱུར་ཡིག་རྒྱུགས་དུས་ལྟར་བླངས་པ་དང་མཚོ་བྱང་ཁུལ་གྱི་རྒྱུགས་སྤྲོད་སློབ་མ2445ཡིས་བརྩོན་པའི་འབྲས་བུ་ཡིས་རྒྱུགས་ལན་ཡག་པོ་ཞིག་བྲིས་ནས་མ་འོངས་ཕུགས་འདུན་གྱི་འགྲུལ་བཞུད་རིང་མོར་ཐོག་མའི་དབུ་ཁྱུད་བྲིས།


ཞོགས་པར། མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་རྒྱུགས་སྤྲོད་ས་གནས་ཀྱི་སྒོ་ཁར་ཉེན་ཟོན་ཐིག་པ་རིང་པོ་ཞིག་འཐེན་ནས་ཁུལ་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་རིགས་སོ་སོའི་གཞོགས་འདེགས་ཉེན་རྟོག་པ་སྔ་མོ་ནས་ལས་གནས་སུ་བསྐྱོད་དེ་རྒྱུགས་སྤྲོད་ས་གནས་མཐའ་འཁོར་གྱི་བདེ་འཇགས་དང་མངོན་མེད་རྐྱེན་ངན་ལ་མཉམ་འབྲེལ་ཐོག་གྲལ་བཤེར་བྱས་པ་དང་ཉེན་ཟོན་ས་ཁོངས་དབྱེ་འབྱེད་བྱས་ནས་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས།




ཡུལ་དངོས་སུ་འགན་ནུས་སྡེ་ཁག་གི་ལས་བཟོ་མི་སྣ་ལས་གཞན་གུང་གཞོན་ཚོགས་པའི་དང་བླངས་པ་དང་མེ་ཟོན་མི་སྣ་ཡང་གཅིག་རྗེས་གཉིས་མཐུད་ངང་རྒྱུགས་སྤྲོད་ས་གནས་སུ་ཡོང་ནས་རྒྱུགས་སྤྲོད་སློབ་མར་སྲུང་སྐྱོབ་བྱས།
གུང་གཞོན་ཚོགས་པ་མདའ་བཞི་རྫོང་ཨུས་སྒྲིག་འཛུགས་བྱས་པའི་གཞོན་ནུ་དང་བླངས་པས་ལུས་ལ་སྟོད་གོས་དམར་པོ་གྱོན་ནས་ཧ་ཅང་བྲེལ་འཚུབ་ཀྱིས་རྒྱུགས་སྤྲོད་སློབ་མར་གཏེར་ཆུ་དང་ཤོག་བུ། མཁོ་བསྟུན་ཡིག་ཆས་སོགས་རིན་མེད་ངང་སྤྲོད་པ་དང་། རྒྱུགས་སྤྲོད་སློབ་མ་དང་དེ་བཞིན་ཁྱིམ་བདག་གི་དྲི་བར་སེམས་ཞིབ་མོས་དྲིས་ལན་བཏབས་པར་མ་ཟད་ཞིབ་ཚགས་དང་འཐུས་སྒོ་ཚང་བའི་ཞབས་ཞུ་བྱས་ནས་རྒྱུགས་སྤྲོད་སློབ་མའི་སེམས་ཀྱི་གནོན་ཤུགས་སེལ་གང་ཐུབ་བྱས། དང་བླངས་པ་ཁུང་ཏེ་པའོ་ཡིས“མཐོ་རྒྱུགས་ལ་རང་ཉིད་ཀྱི་རོགས་རམ་ནུས་ཤུགས་འདོན་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ཆེ་བ་ཞིག་རེད”ཟེར།


རྒྱུགས་སྤྲོད་ས་གནས་ཀྱི་ཕྱི་རོལ་དུ་ཁྱིམ་བདག་ཚོས་རང་གི་བྱིས་པས་རྒྱུགས་འབྲས་ལེགས་པོ་ཞིག་ལོན་པའི་ཡིད་ཆེས་དང་སྨོན་འདུན་ཁྱེར་ཏེ་ལག་ཏུ་ཁ་བཏགས་དང་མེ་ཏོག་བཟུང་ནས་བུ་ཕྲུག་དག་ལ་སེམས་གསོ་བཟང་བོ་ཞིག་དང་སྐུལ་མ་ལེགས་པོ་ཐེབས་པར་སྒུག་འདུག


ཆུ་ཚོད11དང་སྐར་མ30ཡི་སྟེང་རྒྱ་ཡིག་གི་ཡིག་རྒྱུགས་མཇུག་སྒྲིལ་བའི་དྲིལ་སྒྲ་གྲགས་པ་དང་རྒྱུགས་སྤྲོད་སློབ་མ་ཚོ་གཅིག་རྗེས་གཉིས་མཐུད་ངང་རྒྱུགས་ར་ནས་ཕྱིར་ཐོན། རྒྱུགས་སྤྲོད་སློབ་མ་མང་ཆེ་བ་རྣམ་རིག་རྒྱས་ཤིང་འཛུམ་བག་རྒོད་པོ་བྱུང་འདུག རྒྱུགས་སྤྲོད་སློབ་མ་བཀྲ་ཤིས་སྐྱིད་ཀྱིས“རྒྱུགས་སྤྲད་པ་བཟང་བོ་འདུག བསླབ་གཞི་རྗེས་མ་དག་ལའང་ཡིད་ཆེས་ཆེན་པོ་འདུག”ཟེར།

ཧྲན་ཏུང་ཞིང་ཆེན་ལིན་དབྱི་སློབ་འབྲིང་དང་པོའི་རྒྱུགས་སྤྲོད་ཚོགས་པའི་དགེ་རྒན་ཚོས་ལག་ཏུ་མེ་ཏོག་བཟུང་ནས་སློབ་གྲྭ་དེར་སློབ་སྦྱོང་བྱེད་བཞིན་པའི་མཚོ་བྱང་གི་སློབ་མར་དགའ་བསུ་བྱེད་བཞིན་འདུག ཁོ་ཚོས་མེ་ཏོག་ཆུན་པོ་དང་སྨོན་འདུན་གཙང་མ་སློབ་མར་སྤྲད་ནས་སེམས་གསོ་རེ་རེ་དང་སྐུལ་མ་རེ་རེ་ནི་ཆེས་དྲོ་སྐྱིད་ལྡན་པའི་གདོང་གྲོགས་ཤིག་ཏུ་གྱུར།
མཐོ་རྒྱུགས་ནི་ལང་ཚོའི་ཉམས་སད་ཅིག་ཡིན་ལ་འཚར་ལོངས་ཀྱི་འགྱུར་ལྡོག་ཅིག་ཀྱང་ཡིན། རྒྱུགས་སྤྲོད་སློབ་མ་ཚོས་རྔུལ་ཆུ་དང་འབད་བརྩོན་ལ་བརྟེན་ནས་ལང་ཚོའི་དྲིས་ལན་བྲིས་པ་དང་སྤྱི་ཚོགས་ཡོངས་ཀྱི་གཅེས་སེམས་དང་སྲུང་སྐྱོང་གིས་ཁོང་ཚོའི་ཕུགས་འདུན་འགྲུབ་པའི་ལམ་བུར་དྲོ་སྐྱིད་དང་སྟོབས་ཤུགས་བསྣན། རྒྱུགས་སྤྲོད་སློབ་མ་ཚང་མས་རྒྱུགས་འབྲས་ལེགས་པོ་ཞིག་ལོན་པའི་སྨོན་འདུན་ཞུ།