网站无障碍
ཀྲང་ཧྥེང་མདའ་བཞི་རྫོང་གི་གྲོང་གསེབ་ཀྱི་གཞི་རིམ་འཐབ་ཕྱོགས་དང་པོར་ཕྱིན་ནས་མིག་སྔའི་གཙོ་གནད་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།
发布时间:2026年06月25日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཟླ6པའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་མདའ་བཞི་རྫོང་དུ་ཕྱིན་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་། ལས་གཞི་གལ་ཆེན། ཐོན་ལས་གསོ་སྐྱོང་། འབྲུབ་འགོག་གནོད་སེལ། བདེ་འཇགས་ཐོན་སྐྱེད་སོགས་གཙོ་གནད་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་མ་ཟད། ཡུལ་ཚོ་དང་གྲོང་རྡལ་གྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་བཞུགས་མོལ་བརྗེ་རེས་གནང་ནས་ནན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་དེ་ལས་སྒྲུབ་ལས་གཏོད་ཀྱི་རྩ་བའི་ཁྲིད་སྟོན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཤིང་། གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་གཙོ་གནད་ལས་འགན་འགག་སྒྲོལ་ལ་ཤུགས་བསྣན་ཏེ་དངོས་སྒྲུབ་འགན་ཁུར་ལ་བརྟེན་ནས་བྱ་བ་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
微信图片_20260624132048_213_86.jpg

 ཤྭ་ལུང་ཆུ་མཛོད་ལས་གཞིའི་ཨར་ལས་བྱ་ཡུལ་དུ། ཀྲང་ཧྥེང་གིས་ཡུལ་དངོས་ནས་བཟོ་སྐྲུན་འཛུགས་སྐྲུན་གྱི་འཕེལ་རིམ་ཧྲིལ་བོར་ལྟ་ཞིབ་བྱས་ནས་ཁུལ་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་འབྲུབ་དུས་ཀྱི་ཆུའི་ཚད་བཀོད་གཏོང་། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་ནས་ནན་གྱིས་བསྟན་དོན། བཟོ་སྐྲུན་སྤུས་ཚད་འགན་ལེན་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཆུ་རགས་དང་ཆུ་མཛོད་ཁུལ་གྱི་ཁྱབ་ཁོངས་ཡོངས་ལ་སྐོར་ཞིབ་སྐོར་བཤེར་བྱས་ནས་འབྲུབ་འགོག་ཉེན་སེལ་གྱི་མཁོ་བསྟུན་སྔོན་ཇུས་ཞིབ་ཚགས་དང་འཐུས་ཚང་དུ་བཏང་སྟེ་གནོད་འཚེ་འགོག་སྲུང་དང་ཆུ་བེད་བཟོ་སྐྲུན་འཁོར་སྐྱོད་ཀྱི་བདེ་འཇགས་མཚམས་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས་ཟེར། 

 མཚོ་སྔོན་དུས་རབས་ཨའོ་ཁའེ་གཏེར་བཞུ་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དུ། ཀྲང་ཧྥེང་གིས་ཡུལ་དངོས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གདུབ་ཟུམ་གྲལ་བཤེར་བཅོས་སྒྲིག་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་ནས་ནན་གྱིས་བསྟན་དོན། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྒྲིག་ཆས་ཞིབ་བཤེར་ཞིག་གསོ་དང་བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་གསོ་སྦྱོང་བྱེད་དགོས། བདེ་འཇགས་དང་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་ནན་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཚམས་ཐིག་བརྟན་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་དང་ཐོན་སྐྱེད་ནུས་པའི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ཏེ། གཉེར་སྐྱོང་ཕན་འབྲས་དང་གཉེར་སྐྱོང་ཡོང་འབབ་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས།ལས་རིགས་གཙོ་གཉེར་སྡེ་ཁག་གིས་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་བྱས་ཏེ། མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་ནན་མོ་དང་འདུམ་སེལ་ཞིབ་ཚགས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་འབྱུང་རྒྱུར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི་འགུལ་སྐྱོད་ལ་དམ་པོར་དམིགས་ནས་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཟེར།

 ཝ་མགྱོགས་བྱེ་རྒན་མའི"བྱང་གསུམ"བཟོ་སྐྲུན་གྱི་བྱེ་འགོག་བྱེ་བཅོས་ལས་གཞིའི་གནས་ཡུལ་དུ། ཀྲང་ཧྥེང་གིས་ཡུལ་དངོས་ནས་སྐྱེ་ཁམས་སླར་གསོའི་གྲུབ་འབྲས་ལ་གཟིགས་ཞིབ་གནང་ནས་ནན་གྱིས་བསྟན་དོན། བྱེ་འགོག་བྱེ་བཅོས་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་ཚུར་ལན་གནད་དོན་རེ་རེ་བཞིན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ"ཁོངས་མི་ལྔ་གཞི་གཅིག་ཏུ་སྒྲིལ་བའི"སྐྱེ་ཁམས་དོ་དམ་སྲུང་སྐྱོབ་བྱེད་སྟངས་ཁྱབ་གདལ་གཏིང་ཟབ་གཏོང་བ་དང་། སྐབས་ཐོག་བཅོས་སྒྲིག་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་རྣམ་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི"བྱང་གསུམ"བཟོ་སྐྲུན་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོབ་མ་ལག་བརྒྱུད་རིམ་ལྡན་པའི་སྒོ་ནས་འཛུགས་དགོས་ལ། ནགས་ཚལ་དང་རྩྭ་ཐང་གི་དོ་དམ་སྲུང་སྐྱོབ་ཁོངས་གཏོགས་ཀྱི་འགན་འཁྲི་རིམ་པ་བཞིན་ནན་དུ་བཏང་ནས་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་བརྟན་དུ་གཏོང་དགོས་ཟེར།

微信图片_20260624132050_214_86.jpg

 ཀྲང་ཧྥེང་སྔ་རྗེས་སུ་ཝ་མགྱོགས་ཡུལ་ཚོའི་སྲིད་གཞུང་དང་མདའ་བཞི་སྡེ་བ། དཔལ་སྦྱིན་སོག་རིགས་ཡུལ་ཚོའི་སྲིད་གཞུང་། ཝུའུ་ལན་ཧ་ཏ་སྡེ་བ་བཅས་སུ་ཕྱིན་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག གཞི་རིམ་དྲ་མིག་ཅན་གྱི་བཅོས་སྐྱོང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བཅས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་སོགས་ཀྱི་བྱ་བ་སྒྲུབ་ཚུལ་ལ་བརྟག་ཞིབ་གནང་སྟེ་ནན་གྱིས་བསྟན་དོན། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། སྡེ་བ་རིམ་པའི་ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱི་རྒྱུན་ལྡན་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་གཏོང་བ། སྡེ་བ་རིམ་པའི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་མཉམ་འདྲེས་བྱེད་དགོས། “གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་སྡེ་བ་རིམ་པའི་ཐུན་མོང་གི་མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་བཅས་དོ་དམ་ཚད་ལྡན་ནན་ཏན་བཟོ་བ། ཐོན་ཁུངས་ཀྱི་ལྷན་ནུས་ལ་གཞི་ཚུགས་ནས་ཆུ་ཚན་ཁམས་གསོ་དང་གཏེར་ཆུ་སོགས་ཁྱད་ལྡན་སྡེ་བའི་ཐུན་མོང་ཐོན་ལས་ཇེ་ལེགས་སུ་བཏང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་གོམ་སྟབས་བརྟན་པོས་འཕེལ་རྒྱས་གཏོང་དགོས། གཞི་ཁྱོན་རང་བཞིན་གྱི་དབུལ་བོར་བསྐྱར་ལོག་མི་བྱེད་པའི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་ནས་རྒྱུན་རྣམ་ཅན་གྱི་འཕྲད་འདྲིའི་ལྟ་ཞིབ་ཚད་ལེན་དང་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་རེ་ཞུ་ཐག་གཅོད་བྱེད་དགོས། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་སྒྲོག་སློབ་གསོ་ཤུགས་ཆེར་གཏོང་བ་དང་། སྡེ་བ་རིམ་པའི་རང་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། འགལ་བ་དང་རྩོད་གཞི་རྩ་བ་ནས་སེལ་བར་བརྩོན་ལེན་བྱེད་དགོས། འབྲུབ་འགོག་དུས་སྐབས་ཀྱི་མཁོ་བསྟུན་ལས་རེས་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། འབོད་འོས་ཡོངས་འབོད་ཀྱི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། གནམ་གཤིས་སྔོན་བརྡའི་ཆ་འཕྲིན་འཕྲལ་མར་འབྲུབ་འགོག་འཐབ་ཕྱོགས་དང་པོར་བརྒྱུད་སྒྲོག་བྱེད་པ། རྒྱུན་རྣམ་ཅན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས། ཡུལ་ཚོ་དང་གྲོང་རྡལ་གྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གིས་རྣམ་པ་གསར་བ་དང་བྱས་རྗེས་གསར་བ། འགན་འཁྲི་གསར་བ་བཅས་ལ་བརྟེན་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འཕེལ་རྒྱས་ཀྱི་འགག་གནད་དང་དཀའ་གནད་ལ་ཐད་ཀར་ཁ་གཏད་གཅོག་དགོས་པར་སྐུལ་ལྕག་གནང་ཞིང་། གཞི་རིམ་གྱི་བྱ་བའི་དངོས་ཡོད་ཀྱི་དཀའ་གནད་སེལ་ཐུབ་པར་བྱས་ནས་རིགས་སོ་སོའི་མང་ཚོགས་བརྟན་པོའི་ངང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཟེར།

 ཁུལ་གྱི་མགོ་ཁྲིད་ཝང་གོ་ཏུང་གིས་ལྷན་དུ་བརྟག་ཞིབ་བྱས།