ཁུལ་སྲིད་གཞུང་གིས་ཁུལ་དཔོན་ཐུག་འཕྲད་ཚོགས་འདུ་འཚོགས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྒྲིག་འཛུགས་བྱས་ནས་ཁུལ་དཔོན་ཐུག་འཕྲད་ཚོགས་འདུ་འཚོགས་ཏེ། མིག་སྔའི་དཔལ་འབྱོར་འཁོར་བསྐྱོད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཤིང་། ཐོན་ལས་འཕེལ་རྒྱས་དང་ལས་གཞིར་སྐུལ་འདེད། ཚོང་འགུགས་མ་འདྲེན། དམངས་འཚོ་འགན་ལེན། ཉེན་ཁ་འགོག་ཟོན་སོགས་མིག་སྔའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནས་བཟུང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ནུས་གཅིག་སྒྲིལ་དང་དངོས་སྒྲུབ་ལག་བསྟར་བྱས་ཤིང་། ཁུལ་སྲིད་གཞུང་ཁོངས་གཏོགས་ཀྱིས་བྱ་བ་སོ་སོར་སྐུལ་འདེད་ཏན་ཏིག་བཏང་བས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་སྤྱིའི་ཆ་ནས་བརྟན་པོ་དང་གོ་རིམ་ལྡན་མོད། འོན་ཀྱང་ལོ་མགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལ་དཔེ་བསྡུར་བྱས་ཚེ་ལྟེ་བའི་དཔལ་འབྱོར་དམིགས་ཚད་ཀྱི་འཕར་ཚད་སྔོན་དཔག་ལ་སླེབས་མེད་ཅིང་། དམིགས་ཚད་ཁག་ཅིག་དང་ལོ་འཁོར་མོའི་དམིགས་ཚད་དབར་གྱི་ཧེ་བག་མུ་མཐུད་ཆེ་རུ་ཕྱིན་ཡོད་པས། ཁུལ་ཡོངས་ཀྱི་བརྟན་པོའི་ངང་འཕར་སྣོན་བྱེད་པའི་གནོན་ཤུགས་གློ་བུར་དུ་ཆེ་རུ་ཕྱིན་པ་དང་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྕི་མོ་ཡིན་ཟེར།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། དུས་ཚིགས་གསུམ་པ་ནི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་རྒྱལ་ཁ་ཐག་གཅོད་བྱེད་པའི་འགག་རྩའི་དུས་རིམ་ཡིན་པས། ཚན་ཁག་གི་ཁོངས་མི་ཡོངས་ཀྱིས་ངེས་པར་དུ་མིག་སྔའི་ཛ་དྲག་ཆེ་བའི་གནས་བབ་ལ་རིག་པ་དྭངས་གསལ་གྱིས་ཞིབ་འཇུག་བྱེད་དགོས་ཤིང་། རང་དཔེ་གཞན་སྟོན་དང་སྣེ་ཁྲིད་མིག་དཔེ་སྟོན་པ། དུས་གཏུག་གི་འདུ་ཤེས་དྲག་པོ་བཅས་ཀྱི་ཐོག་ནས་ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་བྱེད་པོའི་འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་དགོས་པ་དང་། ལོ་ཧྲིལ་པོའི་དམིགས་ཚད་གཏན་འཁེལ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ནན་པའི་འགན་འཁྲི་དང་སྔར་ལས་གནད་ལ་འཁེལ་བའི་བྱ་ཐབས། སྔར་ལས་གཟབ་ནན་གྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་མི་འདང་ས་སྐོང་བ། ལེགས་ཆ་སྲ་བརྟན་དུ་གཏོང་བ། གོང་འཕེལ་གཏོང་བར་སྐུལ་འདེད་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞན་དབང་གི་རྣམ་པ་ནུས་ཤུགས་ཡོད་རྒུས་བསྒྱུར་དགོས་ཟེར།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལས་བགོས་གཞོགས་འདེགས་རྒྱུན་འཁྱོངས་བྱས་ཏེ་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་དཔལ་འབྱོར་གཞོང་ཆེན་བརྟན་པོ་ཡོང་བར་བྱེད་དགོས། རང་འགན་གཙང་སྒྲུབ་དང་ཕན་ཚུན་གཞོགས་འདེགས་ཀྱིས་ཁག་བགོས་དོ་དམ་བྱས་པའི་མངའ་ཁོངས་ཀྱི་གཙོ་གནད་བྱ་བར་སྐུལ་འདེད་བཏང་སྟེ། བཟོ་ལས་མར་ཆག་པ་དང་མ་རྩ་འཇོག་རྒྱ་ཇེ་ཉུང་དུ་ཕྱིན་པ། གཏོང་སྒོ་རྗེས་སུ་ལུས་པ། འཛད་སྤྱོད་ཉམས་པ་སོགས་ལ་དམིགས་ནས་ལྟེ་བའི་ཞན་ཆ་རེ་རེ་བཞིན་བསྐྱར་ཞིབ་དང་ཞིབ་འཇུག་བརྡར་གཅོད། གནད་འཕིགས་ཇུས་འདོན་བཅས་བྱེད་དགོས། དཔལ་འབྱོར་གྱི་གཞི་རྩའི་འཕར་ཚད་བརྟན་པོ་ཡོང་བར་བྱས་ཏེ་ཞིང་ཆེན་རིམ་པའི་དོ་ཁུར་ལ་དམིགས་ནས་གཙོ་གནད་དང་དཀའ་གནད་ཆེ་བའི་ལས་འགན་དོན་འཁྱོལ་ཡོང་བ་དང་ཕན་འབྲས་ཐོན་པར་དམ་འཛིན་ནན་མོ་བྱེད་དགོས། ཧའེ་ཏར་རྡོ་སོལ་གཏེར་ཁ་ལས་ཐོན་བསྐྱར་ཚུགས་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། སློབ་སྦྱོང་སློབ་གསོའི་གནད་དོན་ཞིབ་བཤེར་དང་གསལ་སྟོན་དང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ། སྐོར་ཞིབ་ཞིབ་བཤེར། རྩིས་བཤེར་ལྟ་སྐུལ་སོགས་ལྡོག་འདྲེན་གནད་དོན་སྣ་ཚོགས་བཅོས་སྒྲིག་ནན་མོ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྒྲིག་བྱེད་པ། མཚོ་སྔོན་པོའི་མཚོ་ཆུ་རྒྱས་པའི་གནས་སྤོས་ཡུལ་མི་བཀོད་སྒྲིག་དང་གཙོ་གནད་ལས་གཞི་སྐུལ་འདེད། གོང་རིམ་གྱི་བཀོད་སྒྲིག་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས། བྱ་འགུལ་གལ་ཆེན་ལ་དམིགས་ཏེ་དུས་ཆེན་ཚོགས་ཆེན་འགྲན་སྡུར་བཅས་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཡོངས་ཀྱི་དབྱར་ཁའི་གུང་གསེང་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་བྱེད་སྒོ་དང་། མེ་ལྷ་གངས་དཀར་མཐོ་སྒང་ཡུལ་སྐོར་སྒྲིག་ཆས་འགྲེམས་སྟོན། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན། མཚོ་སྐོར་ལྕགས་རྟ་འགྲན་སྡུར། རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་རིམ་འདས་སྦྲེལ་འགྲན་སོགས་འགྲན་སྡུར་བྱེད་སྒོ་ཆེ་གྲས་སྒྲུབ་འགན་འཁུར་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་ཚོང་འགུག་བྱེད་སྒོར་ཞུགས་པ། ཞིང་ཆེན་ཡོངས་ཀྱི་མཐོ་སྒང་བོད་ལུག་དང་ནོར་གནག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་འཚོགས་པ། “ལྕགས་རྟར་འཆིབ་བསྒྱུར་རྡུལ་ཕྲན་མཁར་གྱི་མཛེས་པ་འཚོལ། བང་ཁ་ལྷོད་དེ་གསེར་དངུལ་ཐང་གི་རླུང་ལ་འགྲན།”ཞེས་པའི་ལྕགས་རྟར་ཞོན་པ་དང་མདའ་བཞིའི་རོལ་དབྱངས་དུས་ཆེན། རྩྭ་ཐང་ཟས་མཆོག་དུས་ཆེན་སོགས་ཀྱི་ཕྲེང་བསྟར་བྱེད་སྒོ་ཞིབ་ཚགས་ངང་ཡག་པོ་སྤེལ་ནས་བྱེད་སྒོའི་ཚོང་གཉེར་གྱི་འདྲེན་རྒྱུན་ལ་ཤུགས་སྣོན་པ་དང་ཁྲོམ་རའི་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། མཐའ་ཚད་བསམ་གཞིགས་བརྟན་པོ་བཙུགས་ནས་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་དགོས། སྐྱེ་ཁམས་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་གཉིས་མཐའ་གཅིག་ཏུ་སྲུང་བ་དང་། ཞོད་དུས་དང་ཚ་དུས། ཡུལ་སྐོར་རྫོགས་ལྡན་དུས་ཚིགས་བཅས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་བཀག་སྡོམ་རྨང་གཞི་སྲ་བརྟན་དུ་གཏོང་བ། གཞི་རིམ་གྱི་མཁོ་བསྟུན་ཐག་གཅོད་ཆུ་ཚད་མཐོ་རུ་གཏོང་བ། ཡིག་སྐུར་ངོ་བཅར་གྱི་བརྟན་སྲུང་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཀྱི་བྱ་བ་སོ་སོར་དམ་འཛིན་ཏན་ཏིག་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ལོ་ཧྲིལ་པོའི་དམིགས་ཚད་གཏན་འཁེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་བྱ་བའི་འགན་འཁྲི་ནན་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་འཐབ་ཕྱོགས་དང་པོར་ཕྱིན་ནས་ལྟ་སྐུལ་མཛུབ་ཁྲིད་ལ་སྐུལ་འདེད་གཏོང་དགོས། སྡེ་ཁག་ལས་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་སྲུང་བྱེད་དགོས། འགག་སྒྲོལ་དཀའ་སེལ་དང་དམ་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་སོ་སོ་དོན་འཁྱོལ་ཞིབ་ཚགས་དང་བྱ་བ་སོ་སོར་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་ཟེར།