网站无障碍
ཞོགས་པའི་ཇ་ཡུན་གསར་འགྱུར།
发布时间:2026年07月31日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ7པའི་ཚེས30ཉིན་ཚོགས་འདུ་འཚོགས་ནས་ད་ལོའི་ཟླ10པར། པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུ་བ་དང་། མུ་མཐུད་དུ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་གལ་ཆེའི་གནད་དོན་ཐད་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན། ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

ཟླ7པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་།

རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པར། 2025ལོར་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། ཚོང་ལས་ཀྱི་རྣམ་པ་གསར་པ་བཅས་ནང་དོན་གཙོ་བོ་ཡིན་པའི“གསར་པ་གསུམ”གྱི་དཔལ་འབྱོར་རིན་ཐང་འཕར་མ་སྒོར་དུང་ཕྱུར257869ཟིན་པ་དང་། དུས་མཚུངས་ལས6.2%འཕར་ཡོད།

ལོ་སྟོད་དུ། རང་རྒྱལ་གྱི་རྡོ་སོལ་གློག་གི་གློག་གཏོང་ཚད་ཆུ་ཚོད་རེ་སྟོང་ཝ་དུང་ཕྱུར་ཁྲི2.5ཟིན་པ་དང་། དེས་གློག་གཏོང་ཚད་སྡོམ་འབོར་ནང་བཟུང་བའི་བསྡུར་ཚད49.7%བར་མར་ཆག་ནས་ཐེངས་དང་པོར50%ལས་དམའ་བ་བྱུང་ཡོད།

མིག་སྔའི་བར། ནུས་པ་ཉམས་པའི་རྒན་པ་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རྣམ་གྲངས་ཀྱིས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་དངུལ་འབོར་སྒོར་དུང་ཕྱུར290.93ལ་སྐུལ་ཁྲིད་བྱས་པ་དང་། ནུས་པ་ཉམས་པའི་རྒན་པ་ཁྲི200ཙམ་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད་པ་རེད།

ཚེས30ཉིན་དམངས་སྲིད་པུའི་གཞུང་དོན་ཐིང་དང་རྒྱལ་ཁབ་རིག་དངོས་ཅུས་གཞུང་དོན་ཁང་གིས་མཉམ་དུ་བརྡ་ཐོ་བཏང་ནས་རྒྱལ་ཡོངས་སུ་ས་ཁོངས་དབྱེ་བའི་ས་མིང་རིག་དངོས་མིང་གཞུང་འཛུགས་སྐྲུན་ཚོད་ལྟ་བྱས་པ་དང་། ཁག་དང་པོའི་ཚོད་ལྟ་གནས15ཡོད།

01.jpg

ཚེས30ཉིན། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་ཉེར་བདུན་པའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བསྐྱོད་དེ་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

ད་ལོ་ནི《ཉིང་རྡུལ་ཚོད་ལྟ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པའི་ཆིངས་ཡིག》བཞག་ནས་ལོ30འཁོར་བའི་ལོ་ཡིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་དྲི་བར་ལན་སྐྱོན་སྐབས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་སྲུང་འགོག་སྲུང་གི་ཉིང་རྡུལ་འཐབ་ཇུས་ལག་ལེན་བསྟར་གྱི་ཡོད། ཀྲུང་གོའི་ཉིང་རྡུལ་སྟོབས་ཤུགས་ནི་ཉིང་རྡུལ་དམག་འཁྲུག་ལ་ཟིལ་གནོན་དང་འཛམ་གླིང་གི་ཞི་བདེ་བདེ་འཇགས་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་རེད་ཟེར།

ཉེ་དུས་ཧྥི་ལི་ཕིན་གྱི་གཞུང་དོན་གྲུ་གཟིངས་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་ཁོངས་གཏོགས་མཚོ་ཁོངས་སུ་ཐེངས་མང་བཙན་འཛུལ་བྱས་པས་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པ་ཁྲིམས་ལྟར་ཕྱིར་འབུད་བྱས་ཡོད།

རང་རྒྱལ་གྱི་རྒྱལ་སྲུང་པུའི་མགྲིན་ཚབ་པས་ཀྲུང་གོའི་དམག་དཔུང་གིས་དབང་གནོད་དང་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་དང་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

02.jpg

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་གནམ་གཤིས་ཀྱི་ཉེན་ཁའི་སྔོན་བརྡ་བཏང་ནས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་། ནང་སོག་དང་ཧེ་ལུང་ཅང་། ཀོང་ཤིས། སི་ཁྲོན། ཧྲའན་ཤིས། ཀན་སུའུ་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་བོ་འབྲིང་ཆུང་དུ་ཆུ་ལོག་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེ།

ཚེས30ཉིན། རྒྱལ་ཁབ་གེགས་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་སོགས་སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག5000མར་བཏང་ནས་ཀན་སུའུ་ཡི་གེགས་སེལ་རོགས་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད།

ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དུ་རིམ་པ5ཡན་གྱི་ས་ཡོམ་ཐེངས་མང་བརྒྱབ་པ་དང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པས་གནོད་འཚེ་ཕོག་ཁུལ་ལ་གེགས་སེལ་དངོས་ཟོག2500(ཆ་ཚང)གཏོང་སྤྲོད་བྱས་པ་རེད།

ཚེས30ཉིན། 2026ལོའི་དབྱར་གསེང་གི་གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར65ལས་བརྒལ་ཡོད།

ཧྲན་ཤིས་ཞིང་ཆེན་ཁྲང་ཀྲི་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཧྲི་ཀྲང་ཁྲེན་དབྱང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས་མིག་སྔར་ཧྲན་ཤིས་ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

图片

ཚེས30ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འཛམ་གླིང་གི་ཚངས་ཐིག་མྱུར་བགྲོད་ལྕགས་ལམ་ཆེ་ཤོས་ཀྱི་ཕུབ་གྲུབ་འཕྲུལ་འཁོར་ལ“སྣེ་ཁྲིད་རྟགས་ཅན”འབྲི་ཆུའི་འོབས་ཆེན་བརྒྱུད་དེ་གཞུང་ཁྲོན་ཨང2པར་འབྱོར་བ་དང་། དེ་ནས་བཟུང་ཁྲུང་ཐའེ་འབྲི་ཆུའི་ཕུག་ལམ་གྱི་ཆུ་ཁོངས་དུམ་བུ་ཏལ་འབིགས་ཐུབ་ཡོད་པ་རེད།

རིང་ཚད་ཧྲིལ་པོར་སྤྱི་ལེ537.25ཡོད་པའིG30ལེན་ཧོ་མྱུར་བགྲོད་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་ཤིང་ཞ་ནས་ཐུའུ་ཡུས་ཀོའུ་བར་གྱི་དུམ་བུ་ཚེས30ཉིན་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་དང་། ཕྱོགས་གཉིས་ཀྱི་འཁོར་ལམ་བཞི་ནས་ཕྱོགས་གཉིས་ཀྱི་འཁོར་ལམ་བརྒྱད་དུ་རིམ་སྤོར་བྱས་ཡོད།

མཁའ་དམག་འཕུར་སྐྱོད་སློབ་བསྡུ་ཅུས་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། སྐྱེལ་འདྲེན20Bགཅིག་སྡུད་ཐོག་སྤྱད་དེ་གསར་དུ་བསྡུས་པའི་འཕུར་སྐྱོད་སློབ་མ་མཁའ་དམག་མཁའ་འགྲུལ་སློབ་ཆེན་དུ་འབྱོར་ཐོ་འགོད་རྒྱུ་རེད།

04.jpg

ཉེ་ཆར། ཅང་སུའུ་ནན་ཅིང་ཁྲོམ་གཞུང་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་གློག་སྒུལ་འཁོར་ལོ་ཞོན་མཁན་ཞིག་ལ་རྨས་སྐྱོན་ཕོག་ནས་འདུ་ཤེས་རབ་རིབ་ཏུ་གྱུར་ཡོད། ལམ་དུ་ལས་ཀར་འགྲོ་བཞིན་པའི་དམག་མིའི་སྨན་པ་ཧྥང་ཙེ་ཡིས་འཕྲལ་མར་རླངས་འཁོར་བཞག་ནས་མྱུར་སྐྱོབ་བྱས་པ་དང་། འགྲིམ་འགྲུལ་ཉེན་རྟོག་པ་དང་། མྱུར་སྐྱོབ་མི་སྣ། རྐང་འཁོར་ཞོན་མཁན་གྱི་ནང་མི་ཐོན་རྗེས་ད་གཟོད་ཁ་བྲལ་བ་རེད།

དོ་སྣང་།

05.jpg

ཉེ་ཆར། ཧོ་ནན་གྱི་ཆུ་ཀུབ་འཚོང་མ་ཐུབ་པར་ལུས། ཆུ་ཀུབ་འདེབས་མཁན་ཞིང་པས་སྨྱན་སྦྱོར་གྱི་ཞིང་ལས་ལས་སྟེགས་བརྒྱུད་ནས་ཡོངས་བསྒྲགས་ངང་རོགས་སྐྱོར་བཙལ་ཡང་གྲོང་ཚོའི་ལས་བྱེད་པ་འགའ་ཞིག་གིས“ལྡོག་ཕྱོགས་ཀྱི་གླེང་ཕྱོགས”ལ་བརྩིས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། མི་དམངས་ཀྱིས་དཔྱད་བརྗོད་ཀྱིས་ཡིག་ཆ་སྤེལ་ནས་བསྟན་དོན། གཞི་རིམ་གྱི་ལས་དོན་སྣ་མང་རྙོག་འཛིང་ཆེ་བ་དང་། མང་ཚོགས་ཀྱི་རེ་འདུན་སྣ་ཚོགས་ཡོད། འགལ་བ་ཁ་ཤས་ཡོད་ཀྱང་རྒྱུན་ལྡན་ཡིན་ལ། སྐབས་འགར་གླེང་ཕྱོགས་འབྱུང་བ་ནི་གཡོལ་ཐབས་མེད་པ་ཞིག་རེད། “གླེང་ཕྱོགས་གཙང་མར་དགའ་བའི”སེམས་ཁམས་དེ་ནི་གནད་དོན་ངོ་མ་གཡོལ་བ་ཙམ་དང་། གནད་དོན་གསར་པ་ཐོན་སྲིད་པའི་འབྱུང་ཁུངས་ཀྱང་ཡིན་པས། དེ་མ་ཡིན་པར་གལ་ཏེ་དགེ་མཚན་ལྡན་པའི་བསམ་ཚུལ་དང་། རྣམ་འགྱུར་ཡང་དག་པ། བྱེད་ཐབས་ནུས་ལྡན་བཅས་ལ་བརྟེན་ནས“གླེང་ཕྱོགས”རྒྱབ་ཀྱི“དོན་དག”དངོས་ཐག་གཅོད་ཡག་པོ་བྱས་ན། གླེང་ཕྱོགས་ལ་ཁ་གཏད་ལུགས་མཐུན་འཇལ་བ་དེ་མང་ཚོགས་དང་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡིད་ཆེས་ཆེ་རུ་གཏོང་བའི་གོ་སྐབས་སུ་འགྱུར་ཏེ། བརྒྱུད་རིམ་འདིའི་ཁྲོད་རྒྱུན་ཆད་མེད་པར་གནད་དོན་ཤེས་རྟོགས་དང་། བསམ་ཕྱོགས་འཚོལ་བ། ལས་ཀ་ལེགས་བཅོས། སྤྱོད་ཚུལ་ལེགས་འགྱུར་བཅས་བྱ་ཐུབ་ཟེར།

འཚོ་བའི་དྲན་སྐུལ།

06.jpg

གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སེར་མདོག་སྔོན་བརྡ་མུ་མཐུད་བཏང་ནས་སྔོན་དཔག་བྱས་པ་ལྟར་ན། ཚེས30ཉིན་གྱི་ཆུ་ཚོད20ནས31ཉིན་གྱི་ཆུ་ཚོད20བར། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་བྱང་རྒྱུད། ཀན་སུའུ་ཡི་ཤར་རྒྱུད་དང་ལྷོ་རྒྱུད། ཧྲའན་ཤིས་ལྷོ་ནུབ་རྒྱུད། སི་ཁྲོན་གཤོང་སའི་དབུས་ནུབ་རྒྱུད་དང་བྱང་རྒྱུད། ཧྲན་ཤིས་དབུས་བྱང་རྒྱུད། ཧོ་ནན་ནུབ་རྒྱུད། ཀོང་ཤིས་དབུས་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་དབུས་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

པེ་ཅིང་། པེ་ཅིང་གྲོང་ཁྱེར་གྱིས་གཏན་འབེབས་གསར་པ་པར་འགྲེམས་བྱས་ནས་མྱུར་སྐྱེལ་དང་ཕྱིར་འཚོང་ཞབས་ཞུར་སྤྱོད་པའི་གློག་སྒུལ་རྐང་འཁོར་ངེས་པར་དུ་ཐོ་འགོད་བྱེད་དགོས་པ་དང་འབྲེལ་ཆེད་སྤྱོད་ཨང་རྟགས་བཀལ་ནས“ཆེད་འཁོར་ཆེད་སྤྱོད”ལག་བསྟར་བྱས་ཏེ་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

གཟི་ཚ་སྡེ་དགུ། ཉིན་བསྟུད་མར་འདམ་རྫབ་གཙང་སེལ་དང་། ཕྱོགས་ཡོངས་ནས་ཉེན་སེལ་དང་བདེ་འཇགས་དཔྱད་དཔོག་བྱས་པ་བརྒྱུད་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ཚེས30ཉིན་ནས་བཟུང་ཡོངས་སུ་སྒོ་ཕྱེས་ཡོད།