གསར་འགྱུར་གལ་ཆེན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཟླ8པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཁའེ་ཨེན་ཏེ·ཤིས་ཆི་ལའེ་མཱ་ལ་གློག་འཕྲིན་བཏང་ནས་ཁོ་ཙན་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་དུ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

➤ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བློ་མཐུན་ཀྲང་ལུའུ་ལ་“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས་”སྤྲོད་རྒྱུ་དང་། བློ་མཐུན་ཝུའུ་ཧྥེ་དང་ཀྲང་ཧུང་ཀྲང་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོ”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་མ་ཟད། “རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”ཀྱང་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
➤དམངས་སྲིད་པུ་དང་ནོར་སྲིད་པུས《ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ནས། སྤྱི་ཚོགས་རོགས་སྐྱོབ་དེ་དངོས་པོ་རྐྱང་པའི་རོགས་སྐྱོབ་བྱེད་སྟངས་ནས“དངོས་པོ་དང་ཞབས་ཞུའི”ཕྱོགས་བསྡུས་རོགས་སྐྱོབ་རྣམ་པར་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཁ་གསལ་བཏོན་ཡོད།
➤ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཡིག་ཆ་བཀྲམ་ནས་རྒྱལ་ཁབ་ཆེན་པོའི་བཟོ་བ་ཤེས་ལྡན་མི་སྣ་གསོ་སྐྱོང་འདུ་འགོད་ལག་བསྟར་བྱས་ཏེ། 2030ལོར་སླེབས་སྐབས་རྒྱལ་ཁབ་ཆེན་པོའི་བཟོ་བ་ཆེན་མོ1000ཙམ་གསོ་སྐྱོང་བྱེད་དགོས་ཞེས་བཏོན་ཡོད།
➤“མྱུར་སྐྱེལ་གྲོང་ཚོར་སྐྱོད་པར”སྦྲག་སྲིད་ཀྱིས་མཐའ་སྐྱོང་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ནས། ད་ལོའི་ཟླ་བདུན་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་སྒྲིག་ཚུད་གྲོང་ཚོ2244གསར་སྣོན་བྱས་ནས“མྱུར་སྐྱེལ་གྲོང་ཚོར་སྐྱོད་པ”མངོན་འགྱུར་བྱུང་ཡོད།
➤ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བརྩམས་དབང་གྱོད་དོན་ཞིབ་གཅོད་བྱ་བའི་ཁྲིམས་འཛིན་འགྲེལ་བཤད་བཟོ་བཅོས་བྱས་ནས། ཚགས་པར་སྟེང་ཁྲིམས་བཀོད་བྱས་འཐུས་ཀྱི་ཁྱབ་ཁོངས་བརྒྱུད་འགོད་བྱས་པ་སོགས་ཁ་གསལ་བྱས་ཏེ། ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
➤བཟོ་འཕྲིན་པུས་ཉིན་ཤས་གོང་ཀྲེ་ཅང་དུས་ཏའོ་ཡུས་ཚན་རྩལ་ཚད་ཡོད་སྤྱི་གཉེར་གྱིས་སྲུང་སྐར་ཟོག་འབྲེལ་དྲ་རྒྱའི་ལས་སྒོ་ཚོང་སྤྱོད་ཚོད་ལྟ་བྱ་རྒྱུར་མཆན་བཀོད་བཀའ་ལན་གནང་བ་དང་ཚོད་ལྟའི་དུས་ཚོད་ལོ་གཉིས་ཡིན་པ་རེད། དེ་ནི་སྲུང་སྐར་ཟོག་འབྲེལ་དྲ་རྒྱའི་ལས་སྒོ་སྔར་བས་དམངས་གཉེར་ཅན་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།
➤རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་སྤྱི་བསྒྲགས་སྤེལ་ནས་ཁེར་གྷི་སི་ཐན་དང་ཝེ་ཐེ་ནམ་གྱི་སྤྱི་དམངས་ཀྱིས་ཆུ་ཚོད240ཡི་ས་མཚམས་སྒྲོལ་ནས་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དང་། ཧའེ་ནན་གྱི་ཉིན30ཡི་རྒྱལ་ཁོངས་སུ་ཡོང་ནས་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཐོག་ནས་ཀྲུང་གོར་ཡོང་ཆོག་པ་རེད།
➤ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཁྲིམས་འཛིན་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་རྒྱལ་ཁོངས་ལས་བརྒལ་བའི་དུ་རྩྭ་ལྐོག་ཚོང་གྱོད་གཞི་ཞིག་རྩད་ཆོད་པ་དང་བསྒྲིལ་ཐ་ལྐོག་ཚོང་ཁྲི9000ལྷག་ཙམ་རྩད་ཆོད་པ་རེད།
➤ཚེས19ཉིན་ཨ་རིའི་ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཨ་རིའི་བུ་ལོན་གྱི་སྡོམ་འབོར་ཨ་སྒོར་དུང་ཕྱུར་ཁྲི40ལས་ཐོག་མར་བརྒལ་བ་དང་། ན་ནིང་ཨ་རིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་ལས་ད་དུང་ཨ་སྒོར་དུང་ཕྱུར་ཁྲི10ཙམ་གྱིས་མང་།
སྤྱི་ཚོགས།
➤ཚེས20ཉིན་ཆུ་བེད་པུའི་ཆ་འཕྲིན་ལྟེ་གནས་ཀྱིས་ཆུ་ལོག་གི་སྔོན་བརྡ་སེར་པོ་བཏང་ནས། ཧའེ་ནན་དང་། ཀོང་ཏུང་། ཀོང་ཤིས། ཧྥུའུ་ཅན། ཀྲེ་ཅང་། ཧྲང་ཧའེ། ཅང་སུའུ། ཧྲན་ཏུང་། ཧེ་ལུང་ཅང་སོགས་ཞིང་ཆེན་གྱི་འབྲེལ་ཡོད་ས་ཁུལ་གྱི་སྤྱི་ཚོགས་སྤྱི་དམངས་ལ་དོགས་ཟོན་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
➤ཧྲང་ཧའེ་ཡིས་ཐོག་ཁང་ཁྲོམ་རའི་“ཧྲང་ཧའེ་དོན་ཚན་བརྒྱད”བཏོན་པའི་ནང་། སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལེགས་སུ་བཏང་ནས་ཐོག་མའི་དངུལ་སྤྲོད་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་དེ་སྔོན་ཚོང་དང་གསར་སྐྲུན་བྱས་པའི་ཚོང་སྒྱུར་སྡོད་ཁང་ནས་ད་ལྟའི་ཁང་པ་ཉོ་བ་སོགས་ཚུད་ཡོད།
➤ཅང་སུའུ་ཡི་འོད་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར1ལས་བརྒལ་ཏེ། སོལ་གློག་དང་། རླངས་གློག རླུང་གློག་སོགས་ལས་བརྒལ་ནས་ཞིང་ཆེན་ཡོངས་ཀྱི་གློག་ཁུངས་ཆེ་ཤོས་ཨང་དང་པོར་གྱུར་ཡོད།

➤ཧྲེན་ཀྲེན་གྱིས་ཟོག་འགྲེམས་མི་མེད་རླངས་འཁོར་ཚོང་ལས་ཅན་དུ་འགྱུར་མགྱོགས་སུ་བཏང་ནས2026ལོའི་ཟླ7པའི་བར། གྲོང་ཁྱེར་ཡོངས་ཀྱིས་གཉེར་སྐྱོང་བྱེད་ནུས་རྣམ་པའི་མི་མེད་རླངས་འཁོར1337ཡོད་པ་དེ་འགྲོ་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི1.3ལ་ཁྱབ་ཡོད།
➤ཞིབ་དཔྱོད་ལས་ཁུངས་ཀྱིས་འགྲིམ་འགྲུལ་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་། ཧང་ཀྲང་གཞོན་པ་ཧོའུ་ཝུའེ་ཏུང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།
➤ཧེང་ཏ་ཚོགས་པ་དང་། ཧེང་ཏ་ས་ཁང་བདག་ཁོངས་དང་ཞུས་ཅ་དབྱིན་སོགས་ཀྱི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས།
➤ཚེས20ཉིན་ཞི་ཨན་ནས་ཨན་ཁངས་བར་གྱི་མྱུར་བགྲོད་ལྕགས་ལམ་དཔེ་རིས་ལྟར་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་ཚུགས་པ་རེད།
➤ཕིང་ལུའུ་མིས་བཟོས་གཙང་པོའི་ཆི་ཧྲི་ལྟེ་གནས་ནས་ཆིང་ཉན་ལྟེ་གནས་བར་གྱི་གྲུ་གཟིངས་དངོས་ཀྱི་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་ནས། ཟླ9པར་དུས་བཀག་ལྟར་ཤར་གཏོང་ཐུབ་རྒྱུར་ཚད་ལེན་གྲངས་གཞི་མཁོ་འདོན་བྱས།
➤ཀྲུང་གོ་ཚན་རིག་ཁང་ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ་ཡིས་ཀན་སུའུ་ཞིང་ཆེན་གནས་མཐུན་རྒྱུའི་ཚོད་ལྟ་ཁང་དང་མཉམ་འབྲེལ་བྱས་ཏེ། ལན་ཀྲོའུ་ཁུལ་གསར་དུ་རྒྱལ་སྤྱིའི་ཐོག་ཨཱ-225དང་ལཱེ-223ཨར་ཧྥ་འཕྲོ་ནུས་ལྡན་པའི་གནས་མཐུན་རྒྱུ་ཐོན་ཚད་མངོན་འགྱུར་ཐུབ་པའི་དཔེ་སྟོན་སྒྲིག་ཆས་ཐོག་མ་དེ་བསྐྲུན་ནས་འབྱུང་རྩ་ནས་རང་རྒྱལ་གྱི་ཉིང་རྡུལ་སྨན་རྫས་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་བརྟན་དུ་བཏང་བ་རེད།

➤མཚོ་སྔོན་ཟི་ལིང་གི་སྐྱེས་པ་ཞིག་གིས་ཆང་འཐུང་རྗེས་གྲི་བཟུང་ནས་ཟིང་ཆ་བསླངས་བ་དང་། མངག་སྐྱེལ་བ་ཡུས་རུང་ཞན་གྱིས་མཐོང་མ་ཐག་རང་ཉིད་ཀྱི་གློག་སྒུལ་རླངས་འཁོར་ལ་བརྟེན་ནས་སྐྱེས་པ་འགྱེད་དུ་བཅུག་པ་དང་། མཐའ་འཁོར་གྱི་མང་ཚོགས་དང་མཉམ་དུ་སྐྱེས་པ་དེ་ཚོད་འཛིན་བྱས་པ་རེད།
དོ་སྣང་།
➤ཉེ་ཆར་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི2026ལོའི་ལོ་སྟོད་དུ་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་ཞུ་གཏུག་བདག་སྤྲོད་བྱས་ཚུལ་དབྱེ་ཞིབ་བྱས་པ་ལས་མངོན་པར། AIཞབས་ཞུ་དེ་འཛད་སྤྱོད་པས་ཞུ་གཏུག་བྱེད་པའི་འགག་གནད་གསར་པར་གྱུར་ཡོད་པ་རེད། མི་དམངས་ཉིན་རེའི་ཚགས་པར་གྱི“ཅིན་ཐའེ་དཔྱད་བརྗོད”ཀྱིས་བསྟན་དོན། AIཞབས་ཞུ་བཀོད་སྒྲིག་བྱེད་པ་ནི་ཞབས་ཞུ་རིམ་སྤོར་བྱས་པ་ཡིན་པ་ལས་འགན་འཁྲིའི་རིམ་པ་མར་ཆག་པ་གཏན་ནས་མིན་པ་དང་། མི་ཐབས་ཞབས་ཞུའི་བགྲོད་ལམ་ཤར་གཏོང་བྱ་རྒྱུ་ནི་གཞི་རྩའི་བླང་བྱ་ཞིག་རེད། ལྟ་སྐུལ་དོ་དམ་སྡེ་ཚན་གྱིསAIཞབས་ཞུ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་གཙོ་གནད་ལྟ་ཞིབ་ཀྱི་མིག་རྒྱང་ནང་བཅུག་ནས། “AIལ་འགན་འཁྲི་མེད་པ”རྒྱུ་མཚན་དུ་བྱས་ནས་ཁ་ཆད་ལག་བསྟར་མི་བྱེད་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་ཟེར།
འཚོ་བའི་ཞབས་ཞུ།

➤གནམ་གཤིས། རྗེས་ཀྱི་ཉིན་གསུམ་ནང་། ལྷོ་རྒྱ་མཚོའི་ཚ་ཁུལ་གྱི་དམའ་གནོན་དང་ལྷོ་ནུབ་ཀྱི་དུས་རླུང་གི་ཤུགས་རྐྱེན་ཐེབས་ནས། ཧའེ་ནན་གླིང་ཕྲན་དང་། ཀོང་ཤིས་ལྷོ་རྒྱུད། ཀོང་ཏུང་། ཧྥུའུ་ཅན། ཐའེ་དབན་གླིང་ཕྲན། ཀྲེ་ཅང་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། ས་ཆ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས20ཉིན་གྱི་ཆུ་ཚོད18ཐོག་མུ་མཐུད་དུ་དྲག་ཆར་གྱི་སྔོན་མདོག་ཉེན་བརྡ་བཏང་བ་རེད།
➤བདེ་ཐང་། མིག་སྔར། སྟོན་དུས་མེ་ཏོག་རྡུལ་དུས་ཐོན་ལ་ཉེ་བ་དང་། ཚོར་སྐྱེན་རྩི་ཤིང་གི་མེ་ཏོག་རྡུལ་གྱི་གར་ཚད་མཐོ་རླབས་སུ་སླེབས་ཉེར་ཡོད་པས། རིགས་གཅིག་མཁས་ཅན་གྱིས་ཚོར་ཐལ་ཚབས་ཆེན་ཕོག་མྱོང་བའི་ནད་པར་སྨན་པའི་མཛུབ་ཁྲིད་འོག་རང་ཉིད་ལ་འཚམ་པའི་མྱུར་སྐྱོབ་སྨན་རྫས་སྒྲིག་སྦྱོར་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
➤སློབ་གསོ། 2026ལོའི་ལོ་སྟོད་དུ་རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་རྒྱུགས་ལེནCETརྒྱུགས་འབྲས་འདྲི་རྩད་ཞབས་ཞུ་ཟླ8པའི་ཚེས24ཉིན་ཤར་གཏོང་ཐུབ་རྒྱུ་རེད།