“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”རིམ་འདས་སྦྲེལ་འགྲན་སྐབས་གསུམ་པའི་མཇུག་སྒྲིལ་མཛད་སྒོ་མཚོ་བྱང་ཁུལ་འཇུ་ལག་རྫོང་དུ་སྤེལ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས6ཉིན། “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”རིམ་འདས་སྦྲེལ་འགྲན་སྐབས་གསུམ་པའི་མཇུག་སྒྲིལ་མཛད་སྒོ་མཚོ་བྱང་ཁུལ་འཇུ་ལག་རྫོང་མི་རིགས་ལུས་རྩལ་ཐང་དུ་འཚོགས་པ་དང་དུས་ཡུན་ཟླ་བ་ལྔའི་འགྲན་སྡུར་དངོས་སུ་མཇུག་བསྒྲིལ་བ་རེད།

མཇུག་སྒྲིལ་མཛད་སྒོའི་ཡུལ་དངོས་སུ་རྣམ་པ་འཁྲུག་ཆ་དོད་པ་དང་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ལུས་རྩལ་པ་དང་འགྲན་སྡུར་གྱི་ལས་སྒྲུབ་མི་སྣ་མཉམ་འཛོམས་བྱས་ཏེ། ལྗང་མདོག་འགྲན་རའི་འབད་འཐབ་རྣམ་པ་དེར་ཐུན་མོང་ཐོག་ཕྱིར་དྲན་བྱས་ནས་གཟི་བརྗིད་མཚན་སྙན་སོ་སོ་ཐོབ་པར་དཔང་པོ་བྱས། ཐེངས་འདིའི་རིམ་འདས་སྦྲེལ་འགྲན་ཟླ5པར་མགོ་ཚུགས་པ་དང་དཔྱིད་དབྱར་སྟོན་གསུམ་ལས་བརྒལ་ནས་ཞིང་ཆེན་ཡོངས་ཀྱི་འཐུས་མི་རུ་ཁག8ཀྱིས་འགྲན་སྐོར14ཡི་འགྲན་སྡུར་ཐེངས56བྱས་ཤིང་། འགྲན་སྡུར་ནང་ཞུགས་མཁན་ལུས་རྩལ་པས་མཐོ་སྒང་གི་གསོ་རླུང་མི་འདང་བར་མི་སྐྲག་པ་དང་ཆར་རླུང་དང་ཚ་གདུག་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་རྔུལ་ཆུར་བརྟེན་ནས"སྔར་ལས་མཐོ་བ་དང་སྔར་ལས་མགྱོགས་པ། སྔར་ལས་སྟོབས་ལྡན། སྔར་ལས་མཐུན་སྒྲིལ"བཅས་ཀྱི་ལུས་རྩལ་སྙིང་སྟོབས་ལ་འགྲེལ་བཤད་བརྒྱབ་སྟེ་མཚོ་སྔོན་བུ་ཕྲུག་གི་འབད་བརྩོན་ལྷོད་མེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས། ཐེངས་འདིར་འགྲན་སྡུར་དེ་གཞི་རྟེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས"ཞིང་ལས། ལུས་རྩལ། རིག་གནས། ཡུལ་སྐོར་ཚོང་གཉེར། ཁམས་གསོ"བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། འགྲན་ཁུལ་སོ་སོས་རྐང་རྩེད་སྤོ་ལོའི་རྩལ་འགྲན་དང་མི་རིགས་རིག་གནས་འགྲེམས་སྟོན། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་། རིག་གནས་ཡུལ་སྐོར་འོས་སྦྱོར། མཚན་མོའི་འཛད་སྤྱོད་བཅས་ཟུང་འབྲེལ་བྱས་ཏེ"འགྲན་སྡུར་ཐེངས་རེ་གཉེར་ན། གྲོང་ཁྱེར་གཅིག་ལ་ཚ་རླབས་འཕྱུར་ཞིང་ཕྱོགས་གཅིག་གི་དཔལ་འབྱོར་འཕེལ་བ"བཅས་མངོན་འགྱུར་ཡོང་བར་བྱས་ནས་ས་གནས་སོ་སོའི་བཟའ་བཏུང་དང་རིག་གནས་ཡུལ་སྐོར། ཚོང་དོན་འཛད་སྤྱོད་བཅས་སྐུལ་སློང་ནུས་ལྡན་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།


མཇུག་སྒྲིལ་མཛད་སྒོའི་ཐོག འགྲན་སྡུར་གྱི་བྱ་དགའ་ཆེ་གྲས་སོ་སོ་རེ་རེ་བཞིན་སྤྲད་ནས་ཡུལ་ཤུལ་གཡང་ནོར་རུ་ཁག་གིས་རིམ་འདས་སྦྲེལ་འགྲན་གྱི་ཨང་དང་པོ་བླངས་པ་དང་། མཚོ་ཤར་ཐེན་ཡིའུ་ཏེ་རུ་ཁག་དང་ཟི་ལིང་གཟའ་རུ་ཁག་ལ་ཨང་གཉིས་པ་དང་གསུམ་པ་ཐོབ་པ་རེད། མཚོ་བྱང་ཁུལ་འགྲན་ཁུལ་ལ་ཕུལ་བྱུང་འགྲན་ཁུལ་དཔྱད་འདེམས་ཐོབ་པ་དང་མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་ལ་ལུས་རྩལ་ཀུན་སྤྱོད་ཀྱི་དར་སྲོལ་བྱ་དགའ་ཐོབ། རུ་ཁག་ནང་ཁུལ་དུ་ཕུལ་བྱུང་ལུས་རྩལ་པ་བདམས་ཤིང་འགྲན་ཁུལ་མཐུན་སྦྱོར་བར་ཕུལ་བྱུང་འགྲན་ཁུལ་མཐུན་སྦྱོར་བར་དཔྱད་འདེམས་ཐོབ་ནས་གཟི་བརྗིད་མཚན་སྙན་མང་པོའི་ཐོག་ནས་མཚོ་བྱང་འགྲན་ཁུལ་གྱི་ཉམས་སད་ཐེག་ཐུབ་པའི་འགྲན་སྡུར་གཉེར་བའི་སྟོབས་ཤུགས་གང་ལེགས་མངོན་ཡོད། འགྲན་སྡུར་ནང་ད་དུང་ཕུལ་བྱུང་སྒོ་སྲུང་བ་དང་། ཕུལ་བྱུང་གྲུག་འཕེན་པ། ཕུལ་བྱུང་རྩལ་ཁྲིད་པ་བདམས་ཐོན་བྱུང་ཞིང་། ཕུལ་བྱུང་ཤན་འབྱེད་པ་དང་འགྲན་སྡུར་ལྟ་སྐུལ་བ་བཅས་ལ་གཟེངས་བསྟོད་བྱས།

“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”རིམ་འདས་སྦྲེལ་འགྲན་ཏེ་ཞིང་ཆེན་རིམ་པའི་མང་ཚོགས་རང་བཞིན་གྱི་ལུས་རྩལ་འགྲན་སྡུར་སྤུས་ལེགས་འདི་ལོ་གསུམ་རིང་ལ་གཏིང་ཟབ་སྤེལ་བ་བརྒྱུད། མཚོ་སྔོན་གྱི་སྣང་བརྙན་མངོན་པ་དང་མི་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མང་ཚོགས་ཀྱི་རིག་གནས་དར་རྒྱས་གཏོང་བ། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རོགས་བྱེད་པ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྟེགས་བུ་ཞིག་ཏུ་གྱུར་ཡོད། རིགས་སོ་སོའི་མང་ཚོགས་བརྗེ་རེས་དང་མཉམ་འདྲེས་བྱེད་པའི་ལུས་རྩལ་སྒྲོག་ཐག་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་དྲིན་ཚོར་ཡར་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད། མ་འོངས་པར་མུ་མཐུད་དུ་མཐོ་སྒང་རྐང་རྩེད་སྤོ་ལོའི་ལེའུ་ངོ་མཚར་བ་སྔར་ལས་མང་བ་འབྲི་རྒྱུ་དང་ལས་རིགས་སོ་སོའི་གྲོགས་པོ་དག་མཚོ་བྱང་དུ་བསྐྱོད་དེ། གངས་རི་དང་མེ་ཏོག་གི་རྒྱ་མཚོར་མཉམ་དུ་རོལ་ནས་ལུས་རྩལ་གྱི་ལྷན་འཛོམས་བྱུང་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད།