网站无障碍
ཞོགས་པའི་ཇ་ཡུན་གསར་འགྱུར།
发布时间:2026年09月09日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  • ཟླ9པའི་ཚེས8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་དབྱིན་ཇིའི་དབུ་བློན་པོ་ན་མུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་།

5.jpg

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི34.78ཟིན། དེ་དུས་མཚུངས་ལས17.6%འཕར།

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུ་སོགས་སྡེ་ཚན་བདུན་གྱིས་གསལ་བོར་བསྟན་དོན། སྟབས་བསྟུན་ལས་ཞུགས་མི་སྣ་ལས་བཟོའི་སྨན་བཅོས་གུན་སྐྱོབ་ནང་ཞུགས་པ་དང་། གྲོན་དངུལ་སྤྲོད་པའི་ལོ་ཚད་ཟླ་རེར་རིམ་རྩིས་བྱས་ན་ཆོག་པ་དང་། ཟླ12ལ་ཟིན་ཚེ་ལོ་གཅིག་གི་གྲོན་དངུལ་སྤྲོད་པའི་ལོ་ཚད་ལ་ཕབ་རྩིས་རྒྱག་ཆོག

  • བཟོ་འཕྲིན་པུས《ཆ་འཕྲིན་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》པར་འགྲེམས་བྱས་ནས། 6Gཚོང་སྤྱོད་དང་རིག་ནུས་ལག་ཐོགས་ཁ་པར6Gཞིབ་བཟོ་བྱེད་པ་སོགས་གཙོ་གནད་ལས་འགན་ཁག26དུས་ཐོག་ཏུ་སྤེལ་དགོས་ཞེས་བཏོན།

  • 2026ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུ་དེ་ཚེས9ནས་ཚེས13ཉིན་བར་པེ་ཅིང་དུ་འཚོག་རྒྱུ་དང་། སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་བོར་ཞབས་འདེགས་ཞུ་བ་དང་གཉིས་ཕན་མཉམ་སྤྱོད”ཡིན།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བདུན་པར་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་བཏང་ཚུན། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་ཚོགས་གྱོད་གཞི་ཚབས་ཆེན་ཁག་གཅིག་ཁྲིམས་ལྟར་ཐག་གཅོད་བྱས་ནས་མི900ཁྲིམས་སྦྱོར་བྱས།

  • རུ་འཁྱུར་དམག་མིའི་ལས་དོན་པུ་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས། ཕུལ་བྱུང་ལག་ཁྱེར་རྫུན་བཟོ་སོགས་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུའི་བཀོད་སྒྲིག་བྱས།

  • ཚེས8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་བསྟན་དོན། ལོ་རྒྱུས་ལ་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་པ་ནི་འཇར་པན་གྱིས་ཞི་བདེ་འཕེལ་རྒྱས་ཀྱི་ཁས་ལེན་ལ་བརྩི་སྲུང་ཞུ་མིན་ཞིབ་བཤེར་བྱེད་པའི་མཚོན་རྟགས་ཡིན་པ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ནང་གི“དགྲ་བོའི་རྒྱལ་ཁབ་ཀྱི་དོན་ཚན”ད་བར་སྔར་བཞིན་ནུས་པ་ཐོན་གྱི་ཡོད་ཅེས་བཤད།

4.png

  • ཚེས8ཉིན། ཀྲུང་གོས་ནེ་པ་ལར་ཛ་དྲག་རོགས་སྐྱོར་བྱས་པའི་དངོས་ཟོག་ཁག་བཞི་པ་ཀ་ཏ་མན་རྡུར་འབྱོར།

  • འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས《2026ལོའི་གོ་ལ་ཧྲིལ་བོའི་གསར་གཏོད་སྟོན་གྲངས》ཀྱི་གསར་གཏོད་ཁྱུ་ཚོགས་སྟོབས་ཆེན་བརྒྱའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་མིང་ཐོའི་ནང་ཚུད་པའི་གྲངས་འབོར་ལོ་བཞི་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

སྤྱི་ཚོགས།

  • 2026ལོར་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་སྟོན་དུས་འཛད་སྤྱོད་དུས་ཚིགས་མགོ་ཚུགས་པ་དང་། བྱེད་སྒོ་སྤེལ་རིང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང36གི“ཚལ་སླེའི”ཐོན་རྫས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་བྱེད་སྒོ་སྤེལ་རྒྱུ་རེད།

  • ཧྲང་ཧའེ་བུ་བཙའི་འགན་ལེན་སྲིད་ཇུས་རིམ་སྤོར་བྱས་ནས། ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་དང་། སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བ། ཡུལ་གཞན་དུ་ཕྲུ་གུ་སྐྱེ་བ་སོགས་ཀྱི་ལྷུ་ཚིགས་གཙོ་བོར་དམིགས་ནས། ཟླ10པའི་ཚེས1ཉིན་ནས་བཟུང་བུ་བཙའི་སྨན་བཅོས་འགྲོ་གྲོན་མི་སྒེར་གྱིས་སྤྲོད་མི་དགོས།

3.jpg

  • བོད་ལྗོངས་སྐྱིད་རོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་གཞན་སྒྱུར་བཀོད་སྒྲིག་བྱས་པའི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཕ་ཡུལ་དུ་ལོག་ཡོད།

  • ཚེས8ཉིན་གྱི་ཆུ་ཚོད18བར་ཅང་ཞིས་སུའེ་ཁྲོན་ཀའོ་ཕིང་གྲོང་རྡལ་གྱི་འདམ་རྡོའི་ཆུ་རུད་ཀྱིས་མི12རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་རྗེས་མཐུད་གྲལ་བཤེར་ཐུབ་པའི་འབྲེལ་ཆད་མི་སྣ་གསར་པ་གཅིག་ཚུད། མིག་སྔར་ད་དུང་མི་གཅིག་དང་འབྲེལ་བ་ཆད་ཡོད།

  • འཕྲལ་སྡོམ་དོ་དམ་པུའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་པུ་ཀྲང་ཝང་ཞང་ཞི་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ནས་ཏང་ཐོབ་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས།

  • ཧྲན་ཞི་ཞིང་ཆེན་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཧྲེང་ཀྲང་ཅིན་ཞང་ཅུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཅིན་ཞང་ཅུན་ལ་ཤི་བའི་ཁྲིམས་ཐག་བཅད།

  • ཧྲན་ཏུང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཚོང་འགུག་ཅུ་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་པའེ་ཨན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་གཞུང་གཏུག་བྱས།

2.jpg

  • ཉིང་ཞ་ཧོ་ལན་རི་བོའི་བྲག་བརྐོས་རི་མོར་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། རིམ་རྩིས་བྱས་ན་བྲག་བརྐོས་རི་མོ500ལྷག་ཙམ་གསར་དུ་རྙེད་པ་དང་། སྲོག་ཆགས་ཀྱི་བརྗོད་བྱ་མང་ཤོས་ཡིན་ཞིང་དེ་ལས་ཀྱང་ལུག་ནི་མང་ཤོས་ཡིན།

  • ཀྲེན་ཆིན་ཝུན་གྱིས2026ལོའི་ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ནང་ཞུགས་རྒྱུ་གཏན་འཁེལ་བྱས།

  • ཧུའུ་ནན་གྱི་ལོ23ལ་སླེབས་པའི་གཞོན་ནུ་ཁེ་ཤིན(མིང་གཞན)རླངས་འཁོར་དོན་རྐྱེན་གྱི་དབང་གིས་ཚེ་ལས་འདས་པ་དང་། ནང་མིས་ཁོང་གི་ལུས་ཡོངས་ཀྱི་དབང་པོ་ཞལ་འདེབས་བརྒྱབ་ནས་ནད་པ་བདུན་ལ་སླར་ཡང་གསར་སྐྱེས་བྱེད་རོགས་བྱས།

དོ་སྣང་།

  • སློབ་མགོ་ཚུགས་དུས། སློབ་གསོའི་འབྲེལ་ཡོད་གསར་འགྱུར་འགའ་ཞིག་མངོན་གསལ་དོད་པོ་ཡོད་པ་སྟེ། ཧྲེན་ཀྲེན་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་ལྭ་གྲོང་ཁྱེར་ཡོངས་ཀྱི་གཅིག་གྱུར་རྣམ་པ་ལག་བསྟར་བྱེད་པ་དང་སློབ་གྲྭ་བརྒྱུད་གཅིག་གྱུར་ཐོག་མངགས་ཉོ་བྱེད་མི་དགོས་པ་དང་། སི་ཁྲོན་གྱི་ཁྱིམ་བདག་ཚོགས་པ་གཅིག་གི་ནང་ཁྱིམ་བདག་གིས་གྲབས་གསོག་བྱས་ཏེ་གཙང་སྦྲ་བྱེད་པའི་གྲོས་མགོ་བཏོན་པ་རྩོད་གཞིར་གྱུར་པ་དང་། གྲོས་མགོ་འདོན་མཁན་ལ་འཛིན་བདག་གིས་སྐད་ཆ་ཤོད་རྒྱུ་བཀག་འགོག་བྱས། པའོ་ཏིང་མཐོ་རིམ་དང་པོའི་ཁྱིམ་བདག་ཚོགས་པའི་ནང་ཁྱིམ་བདག་གིས་གོ་གནས་གསལ་པོ་བཏོན་ནས་ལྟ་རྟོག་བྱེད་རྒྱུའི་རེ་བ་བཏོན། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་སྟེ། སློབ་མགོ་ཚུགས་པའི་དུས་ཀྱི་འཚོལ་མང་གསུམ་གྱིས་དོན་དངོས་ཐོག“སློབ་གསོ་དྲང་སྙོམས”ལ་དྲན་སྐུལ་བྱེད་ཀྱི་ཡོད་པ་དང་། ཟང་ཟིང་གི་གནས་ཚུལ་ཐོན་རྗེས་ཉམས་གསོ་ཡང་ཡང་བྱེད་པ་ལས། སློབ་གསོའི་དོན་དངོས་ཕྲན་བུ་ནས་མགོ་བཙུགས་ཏེ། ཕྲུ་གུ་ཚང་མ་འདྲ་མཉམ་གྱི་ཁོར་ཡུག་འོག་འཚར་ལོངས་ཡོང་བར་བྱ་རྒྱུར་ཤུགས་རྒྱག་པ་དེའོ།།

འཚོ་བའི་ཞབས་ཞུ།

1.png

  • གནམ་གཤིས། ཚེས8ཉིན་གྱི་ཆུ་ཚོད་0ནས9ཉིན་གྱི་ཆུ་ཚོད20བར། མཚོ་སྔོན་ཤར་ལྷོའི་རྒྱུད་དང་། ཀན་སུའུ་ཤར་རྒྱུད་དང་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲན་ཞིའི་དབུས་ལྷོ་རྒྱུད། ཧྲན་ཞིའི་ལྷོ་ནུབ་རྒྱུད། ཧོ་ནན་ནུབ་རྒྱུད། སི་ཁྲོན་གཤོང་སའི་བྱང་རྒྱུད་དང་ནུབ་རྒྱུད། ཡུན་ནན་བྱང་ཤར་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནམ་དྲག་ཆར་འབབ་རྒྱུ་དང་། དེ་ལས་སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • ཕྱིར་སྐྱོད། ཉ་འཛིན་པའི་དུས་ཚིགས་སུ། ལྕགས་ལམ་སྡེ་ཚན་གྱིས་མཚོ་ཟས་སོས་པ་འཁྱེར་ནས་རླངས་འཁོར་ནང་སྡོད་ཆོག་པ་སྟེ། འོན་ཀྱང་ཐུམ་སྒྲིལ་ཡག་པོ་རྒྱག་པ་དང་། ཆུ་མི་བཞུར་བ། དྲི་ངན་མེད་པ་བཅས་གཏན་འཁེལ་བྱེད་དགོས་པ་དང་། འགྲུལ་པ་དར་མ་རེ་རེས་འཁྱེར་བའི་ལྗིད་ཚད་སྟོང་ཁེ20ལས་བརྒལ་མི་རུང་བ་དྲན་སྐུལ་བྱས།

  • ཧའེ་ནན། ཆུང་ཀྲོའུ་མཚོ་འགག་གྲུ་གཟིངས་ཀྱི་ཟླ་མཆོད་དུས་ཆེན་གྱི་གྲུ་གཟིངས་སྤ་སེ་ཟླ9པའི་ཚེས10ཉིན་འཚོང་མགོ་ཚུགས་པ་དང་། རྒྱལ་སྟོན་གྲུ་གཟིངས་སྤ་སེ་ཟླ9པའི་ཚེས16ཉིན་འཚོང་མགོ་ཚུགས།