2026ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་མཚོ་བྱང་དུ་སྤེལ་མགོ་བརྩམས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ9པའི་ཚེས14ཉིན། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་མགོ་རྩོམ་མཛད་སྒོ་མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་དུ་སྤེལ་མགོ་བརྩམས། ཐེངས་འདིའི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་མགོ་རྩོམ་མཛད་སྒོ་དེ་ཞིང་ཆེན་ཐད་གཏོགས་ལས་ཁུངས13གྱིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་བྱས་ཤིང་། ཁུལ་ཨུའི་དྲ་འཕྲིན་གཞུང་ལས་ཁང་དང་ཁུལ་སྤྱི་བདེ་ཅུས་ཀྱི་འགན་སྒྲུབ་བྱས། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་དང་། ཁེ་ལས་དང་དེ་བཞིན་ལས་རིགས་མཐུན་ཚོགས་ཀྱི་འཐུས་མི། དགེ་སློབ་དང་མང་ཚོགས་ཀྱི་འཐུས་མི་བཅས་མི500ལྷག་ཙམ་ཞུགས།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པའམ་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་ལི་ཡུས་ཆང་གིས་གཏམ་བཤད་གནང་བ་དང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཚོ་ཅི་ཆང་གིས་ཤིས་ཚིག་ཕུལ་ལ། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ངམ་དྲ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཀྲང་ཐའོ་ཡིས་གཙོ་སྐྱོང་གནང་། ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཀན་ཁྲང་ཧྥུའུ་དང་། ཀྲུང་གོ་འབྲེལ་འཕྲིན་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་གཞོན་པ་ཐང་ཡུས་ཀོང་། དེ་བཞིན་མཚོ་བྱང་ཁུལ་གྱི་མགོ་ཁྲིད་མ་རུའུ་ཞང་དང་། ལི་ཞན་རུང་། ཞའོ་རོས་ཞིན་བཅས་ཞུགས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་གཟའ་འཁོར་གྱིས“དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་ལ། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་ཏེ། རིག་ནུས་དུས་རབས་སུ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད“ཅེས་པ་བརྗོད་དོན་དུ་བྱས་ཏེ་སྤྱི་ཚོགས་ལས་རིགས་སོ་སོར་ཁ་ཕྱོགས་ནས་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཁྱབ་སྤེལ་གཏོང་བ། དམངས་ཡོངས་ཀྱིས་དྲ་རྒྱར་སྲུང་སྐྱོབ་བྱེད་པའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ཏེ། རྒྱུན་མཐུད་སྒོས“དྲ་སློབ། དྲ་རྟོགས། དྲ་སྤེལ། དྲ་སྲུང”བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་རེད།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་དྲ་རྒྱའི་བདེ་འཇགས་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས“གཟའ་རེར་བདེ་འཇགས་བཤེར་འབེབས་དང་ཟླ་རེར་དཔྱད་དཔོག་སྙན་ཞུ། དུས་ཚིགས་རེར་བདེ་འཇགས་ཞིབ་བཤེར། ལོ་འཁོར་རེར་གསོ་སྦྱོང་འཁྲབ་སྦྱོང”བཅས་ཀྱི་གདུབ་ཟུམ་བྱ་བའི་ལམ་སྲོལ་གསར་དུ་བཙུགས་ཏེ་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་ནུས་ལྡན་བྱས་པས་ཁུལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ཕྱོགས་བསྡུས་འགན་ལེན་ནུས་པ་རྒྱུན་མཐུད་བརྟན་པོའི་ངང་མཐོ་འདེགས་སུ་ཕྱིན་ཡོད། མཚོ་བྱང་ཁུལ་གྱིས་ཐེངས་འདིའི་བྱེད་སྒོར་འགན་སྒྲུབ་བྱས་པ་དེ་གོ་སྐབས་གལ་ཆེན་དུ་བརྩིས་ནས་དྲ་རྒྱའི་བདེ་འཇགས་ཀྱི་བྱ་བ་སོ་སོ་སྤུས་འདེགས་ནུས་སྤེལ་དང་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་རེད།

བྱེད་སྒོས་དུས་མཉམ་དུ་དྲ་ཐོག་དང་དྲ་ཕྱི་ནས་དྲ་རྒྱའི་བདེ་འཇགས་ཤེས་བྱར་ལན་བཏབ་ན་བྱ་དགའ་སྤྲོད་པའི་འགྲན་སྡུར་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི“བསྐྱོད་པ་བདུན”གྱི་སྣེ་ཁྲིད་སྡེ་ཁག་དང་། མཚོ་བྱང་ཁུལ་ཨུའི་དྲ་འཕྲིན་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་ཀྱིས་གཅིག་སྡུད་ཐོག་དྲིལ་སྒྲོག་འགྲེམས་པང་བཀོད་སྒྲིག་དང་བློ་འདྲིའི་ཞབས་ཞུའི་སྟེགས་བུ་བཙུགས་ཡོད། ལས་སྒྲུབ་མི་སྣས་ཕན་ཚུན་ངོ་ཐུག་ནས་མང་ཚོགས་ལ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་དང་གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་སྲུང་སྐྱོབ། གློག་འཕྲིན་དྲ་རྒྱའི་མགོ་གཡོག་མགོ་སྐོར་སྔོན་འགོག་སོགས་ཀྱི་གཙོ་གནད་ཤེས་བྱ་འགྲེལ་བཤད་བྱས་ལ། ཡུལ་དངོས་ནས་དོགས་འདྲི་དོགས་སེལ་དང་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་དུ་བཏང་། བྱིངས་སིམ་རྣམ་པ་དང་མཉམ་འགུལ་རྣམ་པ། ཉམས་ལེན་རྣམ་པ་བཅས་ཀྱི་དྲིལ་སྒྲོག་བརྒྱུད་དེ་ནུས་ལྡན་སྒོས་དྲིལ་སྒྲོག་གི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ནས་དྲ་རྒྱའི་བདེ་འཇགས་ཤེས་བྱ་རོང་འབྲོག་ཁུལ་དང་སྡེ་ཁུལ། ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས།

དྲིལ་སྒྲོག་གཟའ་འཁོར་རིང་ད་དུང“སློབ་རའི་ཉིན་མོ་དང་། གློག་འཕྲིན་ཉིན་མོ། ཁྲིམས་སྐྱོང་ཉིན་མོ། དངུལ་རྩའི་ཉིན་མོ། གཞོན་ནུ་ལོ་ཆུང་གི་ཉིན་མོ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཉིན་མོ”སོགས་བརྗོད་དོན་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། དུས་མཚུངས་སུ་དྲ་རྒྱའི་བདེ་འཇགས“སྡེ་ཁུལ་དང་ཁེ་ལས། ལས་ཁུངས། སློབ་ར། ཁྱིམ་ཚང་། དམག་སྒར་བཅས་སུ་བསྐྱོད་པའི”དྲིལ་སྒྲོག་ཁྱབ་གདལ་བྱེད་སྒོ་སྤེལ་རྒྱུ་རེད།