ཀྲང་ཧྲིང་ཡོན་རྐང་ཚ་རྫོང་དུ་ཕྱིན་ནས་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་ལས་གཞི་འཛུགས་སྐྲུན་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྣེ་ཁྲིད་དེ་རྐང་ཚ་རྫོང་དུ་ཕྱིན་ནས་ཡུལ་དངོས་སུ་འགྲིམ་འགྲུལ་དང་ནུས་ཁུངས། གྲོང་སྲིད། གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་ཞིང་། ཡུལ་དངོས་ནས་མཐུན་སྦྱོར་དང་གནད་དོན་ཐག་གཅོད་བྱས་པར་མ་ཟད། གཙོ་གནད་ལས་གཞིའི་བཞུགས་མོལ་ཚོགས་འདུ་ཚོགས་ནས་དཔལ་འབྱོར་འཁོར་སྐྱོད་དང་ལས་གཞིར་སྐུལ་འདེད། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲའོ་ཧའེ་ཕིང་ཞུགས།

བརྟག་ཞིབ་སྐབས། ཀྲང་ཧྲིང་ཡོན་འཁོར་དང་བཅས་པ་སྔ་རྗེས་སུ་བྱ་གླིང་འདུས་གྲོང་ཡུལ་སྐོར་ཞབས་ཞུའི་ཕྱོགས་བསྡུས་རྣམ་པ་འཛུགས་སྐྲུན་བྱེད་པའི་ལས་གཞི་དང་། S208མཚོ་སྐོར་ནུབ་ལམ་ཆོས་རྗེ་ལུང་བ་ནས་རྟ་ནག་མ་བར་གྱི་གཞུང་ལམ་བསྒྱུར་སྐྲུན་རྒྱས་སྐྲུན་བཟོ་སྐྲུན། ནུས་ཁུངས་གཙང་མའི་དྲོད་འདོན་ལས་གཞིའི་དུས་རིམ་གསུམ་པའི་བཟོ་སྐྲུན། འོམ་ཆུའི་སྟོང་ཧྥུ110ཡི་གློག་སྒྱུར་ས་ཚིགས་ཀྱི་སྟོང་ཧྥུ10ཡི་ཕྱིར་གཏོང་བཟོ་སྐྲུན། རྫོང་ལུས་རྩལ་སྤྱི་གླིང་གི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞིའི་ཡུལ་དངོས་བཅས་སུ་ཕྱིན་ནས། ཨར་ལས་འཕེལ་རིམ་དང་མ་འཇོག་གནས་ཚུལ། སྤུས་ཚད་དམ་སྡོམ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཡུལ་དངོས་ནས་ལས་གཞིའི་ལས་ཁུངས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་། ལས་གཞིར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཀའ་གནད་སེལ་ཐབས་ཞིབ་གཅོད་བྱས།

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། མིག་སྔར་ནི་ལས་གཞི་ཨར་ལས་བྱེད་པའི་འགག་རྩའི་སྐར་ཁུང་དུས་རིམ་དུ་སླེབས་ཡོད་པས། སྡེ་ཁག་སོ་སོས་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་ལས་ཡུན་བརྩོན་ལེན་དང་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་མགྱོགས་མྱུར་སྒོས་ལས་གཞིའི་མ་འཇོག་ལེགས་འགྲུབ་བྱེད་དགོས། བྱ་གླིང་འདུས་གྲོང་ཡུལ་སྐོར་ཞབས་ཞུའི་ཕྱོགས་བསྡུས་རྣམ་པ་འཛུགས་སྐྲུན་བྱེད་པའི་ལས་གཞིས་བྱ་གཟིགས་གྲོང་རྡལ་ཆུང་ངུ་རིམ་སྤོར་སྒྱུར་བཀོད་དང་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས་ཕྱི་ངོས་ཀྱི་རྣམ་པར་ཚོད་འཛིན་ནན་མོ་བྱས་ཏེ་མཚོ་སྐོར་ས་ཁུལ་གྱི་རྣམ་པ་ཧྲིལ་བོ་དང་ཕན་ཚུན་གཅིག་ངོ་གཅིག་རྒྱན་དང་གཞི་གཅིག་ཏུ་འདྲེས་རྒྱུའི་འགན་ལེན་བྱེད་དགོས། དུས་མཚུངས་སུ་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་བཟོ་སྐྲུན་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱས་ཏེ་ལས་གཞི་དུས་བཀག་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། གཞུང་ལམ་སྒྱུར་སྐྲུན་རྒྱས་སྐྲུན་བཟོ་སྐྲུན་གྱིས་ཨར་ལས་ཀྱི་སྟོབས་ཤུགས་འདང་ངེས་བཀོད་སྒྲིག་བྱས་ཏེ་ཨར་ལས་ཀྱི་འགག་རྩའི་ལས་རིམ་ཇེ་མགྱོགས་སུ་བཏང་ནས་དུས་ཚིགས་ལྟར་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཤིང་། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་བྱས་ཏེ་རང་འགུལ་ངང་འབྲེལ་མཐུད་བྱེད་དགོས། དྲོད་འདོན་གྱི་དུས་རིམ་གསུམ་པའི་ལས་གཞིས་དགུན་དུས་དྲོད་གཏོང་གི་དུས་ཚོད་དང་དུས་ཚིགས་ལ་དམ་པོར་དམིགས་ནས་ལས་ཡུན་ལྡོག་སྒྲིག་བྱེད་པ་དང་། སྒྲིག་ཆས་སྒྲིག་སྦྱོར་དང་སྦུག་དྲ་མཐུད་སྦྲེལ་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་དུས་བཀག་ལྟར་དྲོད་འདོན་བྱ་རྒྱུར་འགན་ལེན་བྱེད་དགོས། གློག་ཤུགས་བཟོ་སྐྲུན་གྱིས་མགྱོགས་མྱུར་སྒོས་སྐུད་ལམ་འཛུགས་པ་དང་སྒྲིག་ཆས་སྙོམ་སྒྲིག་ཚོད་ལྟ་བྱས་ཏེ་སྔ་མོ་ནས་གློག་མཁོ་འདོན་ནུས་པ་གྲུབ་པར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། ལུས་རྩལ་སྤྱི་གླིང་འཛུགས་སྐྲུན་གྱིས་གཙོ་གཟུགས་འཛུགས་སྐྲུན་དང་སྒྲིག་བཀོད་ཆ་ཚང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། སྔ་མོ་ནས་འཛུགས་སྐྲུན་དང་བེད་སྤྱོད་བྱས་ཏེ་ཕན་འབྲས་འདོན་སྤེལ་བྱེད་པར་འགན་ལེན་བྱེད་དགོས། ལས་གཞི་སོ་སོས་བཟོ་སྐྲུན་སྤུས་ཚད་ཀྱི་ཚད་མཐའ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་ནན་སྲུང་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྔར་ལས་མང་བའི་ངོ་ཡོད་བྱ་བ་ཆགས་པར་བྱེད་པ་དང་། སྤུས་ཚད་འགན་ལེན་དང་གྲངས་འབོར་འགན་ལེན་བྱས་ནས་ལོ་འཁོར་མོའི་མ་འཇོག་འཆར་གཞི་ལེགས་འགྲུབ་བྱེད་དགོས་ཟེར།

