ཞོགས་པའི་ཇ་ཡུན་གསར་འགྱུར།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་ཀྱི་ཞབས་ཞུའི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། འབྲེལ་ཡོད་ལས་རིགས་ཀྱི་ཉིན་རེའི་ཆ་སྙོམས་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས19.5%འཕར་ཡོད།
➤རྒྱལ་སྟོན་གུང་གསེང་རིང་མྱུར་བགྲོད་གཞུང་ལམ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་ཉིན་རེར་ཆ་སྙོམས་གློག་གཏོང་ཚད་དུས་མཚུངས་ལས51.42%འཕར་བ་དང་། གློག་གསོག་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར1.63ལ་སླེབས་ཡོད།
➤《ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་ལེན་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ཁྱབ་བསྒྲགས་བྱས་པ་དང་། དེ་ཉིན་ནས་ཟླ11པའི་ཚེས8ཉིན་བར་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད།
➤སློབ་གསོ་པུ་དང་ནོར་སྲིད་པུ་ཡིས2026ལོའི་དྲུག་ཅུའི་དབུ་དཀར་སློབ་ཁྲིད་འཆར་གཞི་ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས་ནས་དགེ་རྒན6000བསྡུ་རྩིས་ཡོད་པ་རེད།
➤ཀྲུང་གོ་མི་དམངས་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་སྐོར་གྱི་སྲིད་ཇུས་ལངས་ཕྱོགས་ཁྱབ་བསྒྲགས་བྱས་ནས། ཀྲུང་གོས་ཁྲོམ་རའི་མཁོ་སྤྲོད་རྨང་གཞིར་བྱེད་པ་དང་། ལག་གཟེབ་གཅིག་གི་དངུལ་ལོར་དཔྱད་གཞིར་བཟུང་ནས་སྙོམས་སྒྲིག་བྱེད་པ། དོ་དམ་ཡོད་པའི་འཕར་ཆག་གི་འཛའ་ཐང་ལམ་ལུགས་ལག་བསྟར་བྱས་ཏེ། ཁྲོམ་རས་དངུལ་བརྗེས་འཛའ་ཐང་གྲུབ་པའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་ནན་བཤད་བྱས་ཡོད།
➤ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་ཀྱི་རྩོད་གཞི་སྣ་མང་ཅན་གྱི་ཐག་གཅོད་དཔེ་མཚོན་གྱོད་གཞི་ཁག་གཉིས་པ་ཁྱབ་བསྒྲགས་བྱས་ནས། ཁེ་ལས་ཀྱི་རྩིས་ཁྲའི་དངུལ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཡོད།
➤གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི10ལས་བརྒལ་བ་དེ་དུས་མཚུངས་ལས8.8%འཕར་ཡོད།
➤ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་འབུམ་རམས་པ་སུང་ལི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་འདེམས་བསྐོའི་ནང་ཞུགས་རྒྱུའི་མིང་འདོན་བྱས་པ་རེད།

➤ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་མཚོ་ཐོག་ཁྲིམས་འཛིན་སྡེ་ཁག་གིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་ཉ་ལས་གྲོས་ཆོད་ཀྱི་གནས་སྐབས་གཏན་འཁེལ་བྱ་ཐབས་སྤྱད་དེ་ཆུ་ཁོངས་མཉམ་འབྲེལ་སྐོར་གཡེང་བྱས་པ་རེད།
➤ཀྲུང་གོའི་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་རུ་ཁག48པ་མ་ལེ་ཞི་ཡར་འབྱོར་ནས་མཛའ་གྲོགས་འཚམས་འདྲི་བྱས་པ་རེད།
སྤྱི་ཚོགས།
➤རང་རྒྱལ་གྱི་གཟུགས་ལྡན་རིག་ནུས་ཐོན་ལས་ཅན་མགྱོགས་མྱུར་དོན་འཁྱོལ་བྱས་པ་དང་། མིག་སྔར་རྒྱལ་ཡོངས་སུ་ཁྱིམ་ཆས་རིག་ནུས་སྦྱོང་བརྡར་ར་བ70ལྷག་ཙམ་བསྐྲུན་ནས་སྤྱོད་མགོ་བརྩམས་པས། འབྲི་ཆུའི་ཟུར་གསུམ་གླིང་དང་། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་དང་། ཀྲུའུ་ཅང་ཟུར་གསུམ་གླིང་བཅས་ལྟེ་བའི་ཁྱུ་ཚོགས་ཆེན་པོ་གསུམ་ཆགས་ཡོད།
➤རྒྱལ་ཁབ་གློག་བརྙན་ཅུས་བསྡོམས་རྩིས་བྱས་པར་གཞིགས་ན། 2026ལོར་རྒྱལ་སྟོན་སྐབས་ཀྱི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར11.65ཡིན་པ་དང་། ཉིན་བདུན་བསྟུད་མར་ཉིན་རེར་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་ལས་བརྒལ་ཡོད།
➤རྒྱལ་སྟོན་དུས་ཆེན་རིང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དྲ་རྒྱའི་བཟའ་བཅའ་ཕྱིར་འཚོང་གི་དྲིལ་སྒྲོག་རྫུས་མ་བཅོས་སྒྲིག་མུ་མཐུད་བྱས་ནས། གྱོད་གཞི་ཁྲི1.4ཐོ་འགོད་བརྟག་དཔྱད་བྱས་པ་རེད།
➤ཀོང་ཏུང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲང་ཧྲུའུ་ཧྥུའུ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
➤ཉིང་པོ་འབྲིང་རིམ་ཁྲིམས་ཁང་གིས་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གི་དེ་སྔའི་པུ་རིམ་པ་གཞོན་པའི་སྐོར་ཞིབ་ཀྲོན་ཡོན་ཞུས་ཁྲོན་ཀྲིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

➤རང་རྒྱལ་གྱི་ཚན་རིག་པས་རྒྱལ་སྤྱིའི་སྟེང་སྔོན་ལ་ཉིང་འོད་ཆུ་ཚོད་ཞིབ་བཟོ་བྱས་པ་མ་ཟད། དེ་བརྟན་པོའི་ངང་འཁོར་སྐྱོད་བྱེད་དུ་བཅུག་པས། ཚད་རྡུལ་ཞིབ་ཚགས་ཚད་ལེན་དེ་གློག་རྡུལ་མཆོང་སྤོ་ནས་མ་རྡུལ་ཉིང་མཆོང་སྤོར་རྒྱ་བསྐྱེད་པ་རེད།

➤ཚན་རིག་པས་ཀྲུའུ་ལོ་ཅི་ཡི་ཆུ་རྐྱལ་ཤེས་པའི་རི་དྭགས་རྔ་ཆེན་གྱི་འགྱུར་རྡོ་ཞིག་རྙེད་པ་དང་། མིང་ལ་རི་དྭགས་རུས་སུན་ཅན་རྔ་ཆེན་ཟེར། འགྱུར་རྡོའི་མ་དཔེ་ནི་ཧྲེན་དབྱང་དགེ་འོས་སློབ་ཆེན་ལིའོ་ཉིང་གནའ་བོའི་སྐྱེ་དངོས་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པ་རེད།
➤སྐབས35པའི་བརྙན་འཕྲིན་ཟློས་གར“གནམ་འཕུར་བྱ་དགའ”དེ་རིང་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 《ཚང་ཧེའི་གཏམ་རྒྱུད》དང 《རླུང་དང་རླབས》 《རླུང་བདའ་མཁན》སོགས་བརྙན་འཕྲིན་ཟློས་གར48ལ་མིང་འདོན་བྱ་དགའ་ཐོབ་པ་རེད།
➤ཀྲུང་གོའི་རླངས་འཁོར་ཚོགས་པ་དང་པོ་དང་། ཧྥེང་ཐེན་རླངས་འཁོར། ཀོང་ཀྲོའུ་རླངས་འཁོར་ཚོགས་པ་བཅས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་གསར་རྐྱང་ལ་མིང་རྟགས་བཀོད་པ་དང་། ཀོང་ཀྲོའུ་རླངས་འཁོར་ཚོགས་པས་མ་རྐང་འགྲེམས་སྤེལ་བྱེད་སྟངས་བརྒྱུད་རླངས་འཁོར་ཚོགས་པ་དང་པོར་ཡོད་པའི་རླངས་འཁོར་དང་པོའི་ཧྥེང་ཐེན་རྐང་དབང50%ཉོ་རྒྱུ་རེད།
➤ཚེས8ཉིན། ཐེན་ཝན་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན7པ་དྲ་སྦྲེལ་ཐེངས་དང་པོ་ལེགས་གྲུབ་བྱུང་ནས། གློག་དྲར་གློག་ཏུའུ་དང་པོ་དངོས་སུ་བཏང་བ་རེད།
དོ་སྣང་།
➤ད་ལོའི་ཟླ10པའི་ཚེས8ཉིན་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་བཏོད་ནས་ལོ70འཁོར་བའི་ལོ་ཡིན། མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོའི་ཐོག《བར་སྣང་གི“ལམ་ཆས་སྒམ”ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་ལོ་ངོ70ལ་བལྟ་བ》ཞེས་པའི་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་ནང་ལོ་བདུན་ཅུའི་རིང་ཕུགས་འདུན་དོན་གཉེར་བྱས་པ་དང་། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་མི་རིགས་ཤིག་གིས་སྐར་ཚོགས་བཀྲ་བའི་ནམ་མཁའ་ལ་རྒྱང་ལྟ་བྱེད་པའི་ཕུགས་འདུན་དེ་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་དུ་སྐྱོད་པའི་རྗེས་ཤུལ་ཞིག་ཏུ་བྲིས་ཡོད། བར་སྣང་གི“ལམ་ཆས་སྒམ”རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཕྲག་ཏུ་བླངས་པ་ནི་རང་བརྟེན་གསར་གཏོད་ཀྱི་སྟོབས་ཤུགས་ཡིན་ལ། རང་ཚུགས་རང་སྟོབས་ཀྱི་བློ་སྟོབས་ཡིན། དེ་ལས་ཀྱང་འཇིག་རྟེན་འཚོལ་ཞིབ་དང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་འགན་འཁྲི་ཡིན། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་ཐོག ང་ཚོ་དེ་བས་རྒྱང་རིང་གི་སྐར་མའི་གཙང་པོར་བསྐྱོད་དེ། འཚོལ་ཞིབ་ཀྱི་གྲུབ་འབྲས་དེ་བས་མང་བ་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ལ་ཕན་པ་ཐོབ་པ་བྱ་དགོས་པ་བསྟན་ཡོད།
འཚོ་བའི་ཞབས་ཞུ།

➤གནམ་གཤིས། ཚེས8ཉིན་གྱི་ཆུ་ཚོད20ནས་ཚེས9ཉིན་གྱི་ཆུ་ཚོད20བར་ཤིན་ཅང་བྱང་རྒྱུད་རི་ཁུལ་དང་བོད་ལྗོངས་ཀྱི་དབུས་རྒྱུད། མཚོ་སྔོན་གྱི་བྱང་ཤར་རྒྱུད། ཀན་སུའུ་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཀུའེ་ཀྲོའུ་ནུབ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་ཅིང་། ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད།
➤རྒྱུགས་སྤྲོད། 2027ལོའི་ཞིབ་འཇུག་རྒྱུགས་སྤྲོད་ཀྱི་གྲ་སྒྲིག་མིང་ཐོ་འགོད་མགོ་བརྩམས་པ་དང་མིང་ཐོ་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་ཕྱིན་ཡོད། རྒྱུགས་སྤྲོད་སློབ་མས་དྲ་ཐོག་མིང་ཐོ་འགོད་རིང་མི་སྒེར་གྱི་ཆ་འཕྲིན་དང་རྒྱུགས་སྤྲོད་ཀྱི་རེ་འདུན་བྲིས་རྗེས་རྒྱུགས་སྤྲོད་ས་ཚིགས་ཀྱི་བླང་བྱའི་ཞིབ་བཤེར་དཔྱད་གཞི་མཉམ་དུ་སྤྲད་ཆོག
➤ཧྲང་ཧའེ། 2026ཧྲང་ཧའེ་རྒྱལ་སྤྱིའི་ལུས་རྩལ་རླབས་རྒྱུན་གྱི་རིག་གནས་དགའ་སྤྲོའི་དུས་ཆེན་ཚེས10ཉིན་མགོ་བརྩམས་པ་དང་། སུའུ་ཧོ་མཚོ་ཁུག་དང་ནན་ཅིང་ནུབ་ལམ། ཏ་ཉིང་སོགས་ཚོང་ཁང་དང་གྲོང་ཁྱེར་གྱི་བར་མཐོངས་སུ་སྔ་རྗེས་སུ3x3ལག་རྩེད་སྤོ་ལོ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།