网站无障碍
འཇུ་ལག་རྫོང་གི་ཞིང་ཕྱུགས་ཁོངས་གཏོགས་ཀྱི་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ནོར་ལུག་བཤས་གཏོང་བྱེད་ཚད་མགྱོགས་སུ་བཏང་།
发布时间:2026年10月30日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 ཉེ་ཆར། འཇུ་ལག་རྫོང་གིས་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་དང་བཤས་གཏོང་གཞི་གྲངས་ཞིབ་དཔྱད། བཤས་གཏོང་བྱ་བར་སྐུལ་འདེད་བཏང་ནས་ནོར་ལུག་བཤས་གཏོང་ལ་ཁ་གསབ་སྤྲོད་པའི་འབྲེལ་ཡོད་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ཤིང་། དམངས་ཕན་སྲིད་ཇུས་གནད་སྨིན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ་རོང་འབྲོག་པའི་ཡོང་སྒོ་འཕར་བར་རོགས་རམ་བྱས།

 འབྲོག་པ་ཁག་ཅིག་གིས་ཁ་གསབ་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་མེད་པ་དང་སྙན་ཞུའི་བརྒྱུད་རིམ་ལ་རྒྱུས་ལོན་མེད་པའི་གནད་དོན་ལ་དམིགས་ནས། འཇུ་ལག་རྫོང་གིས་སྲིད་ཇུས་སྒྲོག་འགྲེལ་ཚན་ཆུང་མང་པོ་བཙུགས་ཏེ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་སྡེ་བ། སྡེ་ཁུལ་སོ་སོར་བསྐྱོད་དེ་ཁ་གསབ་ཀྱི་ཚད་གཞི་དང་ཡིག་ཐོག་སྙན་ཞུའི་ཆ་རྐྱེན། སྒྲུབ་གཉེར་བརྒྱུད་རིམ་བཅས་གསལ་བོ་དག་པོ་བཤད་ནས"སྡེ་བའི་ནང་ཁྱིམ་ཚང་མི་ལུས་པ་དང་ཁྱིམ་ཚང་ནང་ཁྱིམ་མི་མི་ལུས་པ"ཏན་ཏིག་གིས་སྒྲུབ་ཐུབ་པར་བྱས།

 འཇུ་ལག་རྫོང་ཕྱུགས་ལས་སྨན་བཅོས་ས་ཚིགས་ཀྱི་ལས་བྱེད་པ་ཝང་ཡུན་ཅུན་གྱིས་བཤད་རྒྱུར། ང་ཚོ་ཞིང་ཕྱུགས་སྡེ་ཁག་གིས་ཁ་གསབ་སྲིད་ཇུས་རེ་རེར་མང་ཚོགས་ཡོངས་ལ་གསལ་བོར་བཤད་པ་ཡིན་ལ།  ལས་བྱེད་པས་བྱ་བ་ཅི་ཙམ་བསྒྲུབ་ན་མང་ཚོགས་ཀྱི་སེམས་ཁྲལ་དེ་ཙམ་ཉུང་དུ་འགྲོ་ངེས་རེད་ཟེར།

 འཇུ་ལག་རྫོང་རྡོ་སྔོན་འགག་གྲོང་རྡལ་གྱི་འབྲོག་པ་མ་རུའུ་ལིན་གྱིས་བཤད་རྒྱུར། སྔོན་ཆད་ནོར་ལུག་བཤས་གཏོང་སྐབས་རང་ཉིད་ཀྱིས་ཉོ་མཁན་འཚོལ་དགོས་ཀྱང་། ད་ནི་སྲིད་གཞུང་དང་ཞིང་ཕྱུགས་ལས་ཁུངས་ཀྱི་ལས་དོན་མི་སྣས་རོགས་རམ་བྱེད་པར་མ་ཟད། ད་དུང་ལུག་རེར་སྒོར20ཡི་ཁ་གསབ་ཡོད་ཟེར།

 འཇུ་ལག་རྫོང་རྒྱལ་མཁར་ཡུལ་ཚོ་རུ། ཞིང་ཕྱུགས་སྡེ་ཁག་གི་ལས་བྱེད་པ་དང་ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱུགས་སྨན་ས་ཚིགས་ཀྱི་ལས་དོན་མི་སྣས་ཡུལ་དངོས་ནས་གསོ་སྤེལ་ཁྱིམ་ཚང་གི་ཕྱུགས་གྲངས་རྩིས་ལེན་དང་ནད་ཡམས་བརྟག་ཞིབ་ཀྱི་དཔང་ཡིག་དཔྱད་བཤེར། པར་བརྒྱབ་ནས་ཡིག་ཚགས་ཉར་ཚགས་བྱས་ཏེ། གསོ་སྤེལ་ཁྱིམ་ཚང་ལ་ཡིག་ཐོག་སྙན་ཞུའི་དཔྱད་ཡིག་འབྲི་རྒྱུར་མཛུབ་ཁྲིད་བྱས། འཇུ་ལག་རྫོང་གིས"རྫོང་རིམ་པས་ཡུལ་ཚོར་འགན་ལེན་བྱེད་པ་དང་། ཡུལ་ཚོ་རིམ་པས་སྡེ་བར་འགན་ལེན་བྱེད་པ། སྡེ་བ་རིམ་པས་ཁྱིམ་ཚང་ལ་འགན་ལེན་བྱེད་པ"བཅས་ཀྱི་རིམ་གསུམ་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། ཞིང་ཕྱུགས་སྡེ་ཁག་གི་ལས་བྱེད་པས་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་དང་སྡེ་བའི"ཨུ་ལྷན་གཉིས"ཀྱི་ཁོངས་མི་དང་མཉམ་འབྲེལ་བྱ་བའི་ཚན་ཆུང་བཙུགས་ནས་ཁྱིམ་ཚང་རེ་རེ་བཞིན་བཤས་གཏོང་བྱེད་ཚད་ཞིབ་དཔྱད་བྱས་ཏེ"ཁྱིམ་ཚང་རེར་ཡིག་ཚགས་རེ་ཡོད་པའི"བྱ་བའི་རྩིས་ཁྲ་བཟོས་ནས"བཤས་གཏོང་ལ་ཐོ་འགོད་ཡོད་པ་དང་ཁ་གསབ་ལ་གཞི་འཛིན་ཡོད་པ། མ་དངུལ་ལ་རྟོག་དམ་ཡོད་པ"བཅས་སྒྲུབ་ཐུབ་པར་བྱས།

 འཇུ་ལག་རྫོང་རྒྱལ་མཁར་ཡུལ་ཚོའི་ཕྱུགས་ལས་སྨན་བཅོས་ས་ཚིགས་ཀྱི་ལས་བྱེད་པ་མ་ཞུས་ཀྱིས་བཤར་རྒྱུར། ང་ཚོ་ནད་ཡམས་བརྟག་དཔྱད་མཁན་གྱིས་བཤས་གཏོང་བྱེད་པའི་སྒོ་དང་པོ་དེ་ཡག་པོ་སྲུང་དགོས། ནོར་ལུག་གི་འཕྲོད་བསྟེན་གནས་ཚུལ་དང་རིམས་འགོག་ཟིན་ཐོ། རྣ་རྟགས་ཆ་འཕྲིན་བཅས་རེ་རེ་བཞིན་ཆད་ལུས་མེད་པར་བྱ་དགོས་ཟེར།

 འཇུ་ལག་རྫོང་རྒྱལ་མཁར་ཡུལ་ཚོའི་འབྲོག་པ་ཝང་ཅིན་ལུའུ་ཡིས་བཤད་རྒྱུར། ལས་བྱེད་པའི་ཞབས་ཞུ་ངོ་མ་བཟང་ཞིང་རང་འགུལ་ངང་ཁྱིམ་དུ་ཡོང་སྟེ་དོན་ཚན་རེ་རེ་བཞིན་རྩིས་རྒྱག་རོགས་བྱེད་ལ། རྒྱུ་ཆ་གང་ཞིག་དགོས་པ་དེ་དག་ཚང་མ་སྒྲུབ་རོགས་བྱེད་ཟེར།

 འཇུ་ལག་རྫོང་གིས་ཁ་གསབ་མ་དངུལ་སྤྲོད་པའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས"ཡིག་ཐོག་སྙན་ཞུ-ཞིབ་བཤེར་གཏན་འབེབས-ཡོངས་བསྒྲགས-གཏོང་སྤྲོད"ཀྱི་གདུབ་ཟུམ་དོ་དམ་ལག་བསྟར་བྱས་ཏེ། ཞིབ་མཆན་གཏོང་སྤྲོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ཁ་གསབ་མ་དངུལ་དུས་ཐོག་དང་ཆ་ཚང་ངང་ཁྱིམ་ཚང་ལ་སྤྲོད་ཐུབ་པའི་འགན་ལེན་བྱས། མིག་སྔའི་བར་རྫོང་ཡོངས་སུ་རིམ་རྩིས་བྱས་ན་བཤས་གཏོང་བྱས་པའི་ནོར་ལུག་འབུམ་ལྔ་ཁྲི་བཞི་སྟོང་དྲུག་དགུ་བརྒྱ་ཟིན་པ་དང་ཁ་གསབ་མ་དངུལ་གོ་རིམ་ལྟར་ཁག་བགོས་ནས་སྤྲོད་བཞིན་ཡོད། ལས་ཁུངས་ནས་གཞི་རིམ་བར་དང་ཚོགས་ར་ནས་ཕྱུགས་རའི་བར་འཇུ་ལག་རྫོང་གི་ཞིང་ཕྱུགས་སྡེ་ཁག་གི་ལས་བྱེད་པས་གཞུང་ལས་ཁང་གི་སྒྲོག་ཙེ་འབྲོག་པའི་སྒོ་འགྲམ་དུ་སྤར་ནས་ནོར་ལུག་བཤས་གཏོང་ཁ་གསབ་ཀྱི་དམངས་ཕན་བྱ་བ་དངོས་དེ་མང་ཚོགས་ཀྱི་སེམས་ནང་དུ་ཟུག་ཐུབ་པར་བྱས་ཡོད།

 འཇུ་ལག་རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཁུང་ཧྥན་ལིན་གྱིས་བཤད་རྒྱུར། གོམ་སྟབས་རྗེས་མར་ང་ཚོས་ནོར་ལུག་བཤས་གཏོང་བྱེད་ཚད་ལ་མུ་མཐུད་དོ་ཁུར་བྱས་ཏེ། མང་ཚོགས་ཀྱི་རེ་འདུན་ཤེས་རྟོགས་གསལ་པོ་བྱས་ནས"བཙོང་དགོས་པ་ཐམས་ཅད་བཙོང་བ"དང"ཁ་གསབ་སྤྲོད་དགོས་པ་ཐམས་ཅད་ལ་ཁ་གསབ་སྤྲད་དེ།"ནོར་ལུག་བཤས་གཏོང་གི་ཁ་གསབ་དམངས་ཕན་ལས་དོན་འདི་མང་ཚོགས་ཀྱི་འདོད་ཐོག་ཏུ་ཡོང་བར་བྱས་ནས། རྫོང་ཡོངས་ཀྱི་ཕྱུགས་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་རྒྱུར་སྒུལ་ཤུགས་ཆེན་པོ་སྩོལ་རྒྱུ་ཡིན་ཟེར།